分享按钮

བོད་ལྗོངས་ཀྱི་སློབ་གསོ་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ།

རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་མ་ཁྲི་96ཟིན་པ་དང་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད་བརྒྱ་ཆ་97.78ཟིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་17ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བའི་གཙོ་དོན་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་རབ་དང་རིམ་པ་འཚོགས་ཤིང་། གསར་འགྱུར་མགྲིན་ཚབ་པ་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའུ་ཡི་ཁོངས་མི། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཚའེ་ཧྲོའུ་ཁོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་ངོ་65རིང་། བོད་ཀྱི་སློབ་གསོ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་།སྤྱི་ཚོགས་རྙིང་པ་ནས་སྤྱི་ཚོགས་གསར་པ་དང་། ཆུང་བ་ནས་ཆེ་བའི་བར་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་བརྒྱུད་ནས་ཅུང་ཆ་ཚང་བའི་དེང་རབས་ཅན་གྱི་སློབ་གསོའི་མ་ལག་བསྐྲུན་པ་དང་། རྒྱལ་ཡོངས་དང་དུས་མཉམ་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་བྱུང་ནས་སློབ་གསོ་དེ་མི་ཉུང་ཤས་ཀྱི་དམིགས་བསལ་དབང་ཆ་ནས་སྤྱི་དམངས་ཡོངས་ཀྱིས་ལོངས་སྤྱོད་གང་ལེགས་བྱེད་ཆོག་པའི་དབང་ཆ་ཞིག་ཏུ་གྱུར་ཡོད།

ལོ་ངོ་65ཡི་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོའི་བྱ་གཞག་ནི་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་ནས་འགོ་ཁྲིད་སྒྲིག་འཛུགས་དང་། འཕེལ་རྒྱས་འཆར་འགོད། ཐོན་ཁུངས་འགན་ལེན་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ལྗོངས་ཡོངས་ཀྱི་སློབ་གསོར་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལོ་རེའི་མ་དངུལ་གཏོང་ཚད་1959ལོའི་སྒོར་ཁྲི་182ལྷག་ཙམ་ནས་2023ལོའི་སྒོར་དུང་ཕྱུར་393བར་མང་དུ་བཏང་ཞིང་། རིམ་རྩིས་བྱས་པ་ལྟར་ན། སྒོར་དུང་ཕྱུར་3406བཏང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་སློབ་གསོར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། རིམ་རྩིས་བྱས་པ་ལྟར་ན། 2023ལོའི་ལོ་མཇུག་བར་རང་ལྗོངས་ཀྱི་སློབ་གསོར་སྒོར་དུང་ཕྱུར་2936བཏང་བ་དེ་1959ལོ་ནས་2011ལོའི་བར་གྱི་སྤྱིའི་མ་དངུལ་བཏང་བའི་ལྡབ་6ཡིན་པ་རེད།

ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་མ་ལག་བཙུགས་ནས་སྔ་རྗེས་སུ་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་ཐེངས་21མཐོ་རུ་བཏང་ནས་ལོ་རེར་ཆ་སྙོམས་སློབ་མ་རེར་སྒོར་4620ཟིན་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་གཞིའི་ནང་ལོ་རེར་ཆ་སྙོམས་སློབ་མ་རེར་སྒོར་1000ཟིན་ནས་ལོ་རེར་སློབ་མ་ཁྲི་40ལྷག་ཙམ་ལ་ཕན་པ་ཐོབ་པ། སློབ་གྲྭ་ཡོངས་ཀྱི་སློབ་མ་ཚང་མར་ཁྱབ་པའི་རོགས་སྐྱོར་མ་ལག་བཙུགས་པ་དང་། 2012ལོ་ནས་བཟུང་། རིམ་རྩིས་བྱས་པ་ལྟར་ན། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་393.2དོན་འཁྱོལ་བྱས་པ་དང་རོགས་སྐྱོར་ཐོབ་པའི་སློབ་མ་མི་ཐེངས་ཁྲི་2094ཟིན་པ། ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་འཐུང་ཆུའི་བདེ་འཇགས་ལས་གཞི་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ས་བབ་མཐོ་བའི་སློབ་གྲྭ་1682ཀྱི་དྲོད་མཁོ་འདོན་རྣམ་གྲངས་ཚང་མ་ལེགས་གྲུབ་བྱུང་བ། 2023ལོར་གསར་དུ་བོད་ལྗོངས་འཛིན་གྲྭར་སློབ་མ་605བསྡུ་བའི་འཆར་གཞི་བཟོས་ཤིང་། བོད་ལྗོངས་ཁྲེང་ཏུའུ་སློབ་གྲྭ་འཛུགས་སྐྲུན་མགྱོགས་མྱུར་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

1985ལོར་བོད་ལྗོངས་འཛིན་གྲྭ་བཙུགས་པ་ནས་བཟུང་།གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་བོད་ཀྱི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར། རྒྱལ་ཡོངས་ཀྱི་ཞིང་ཆེན་22ཀྱི་སློབ་གྲྭ་111(ལྗོངས་ནང་ཁུལ་གྱི་སློབ་གྲྭ་3ཚུད་ཡོད)གིས་བོད་ཀྱི་དམའ་འབྲིང་འཛིན་གྲྭ་དང་། མཐོ་རིམ་སློབ་འབྲིང་འཛིན་གྲྭ། འབྲིང་རིམ་ལས་རིགས་འཛིན་གྲྭ་བཅས་གཉེར་ནས་ཁྱོན་སློབ་མ་ཁྲི་16.4བསྡུས་ཡོད། དེའི་ནང་སློབ་ཐོན་སློབ་མ་ཁྲི་6.8བོད་དུ་ཕྱིར་ལོག་ནས་གནས་སའི་ཁྱབ་ཁོངས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།

ཚའེ་ཧྲོའུ་ཁོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།1958ལོའི་ལོ་མཇུག་ཏུ། བོད་དུ་སློབ་ཆུང་13དང་། དམའ་རིམ་སློབ་འབྲིང་1 གཞུང་བཙུགས་སློབ་གྲྭ་1 ལས་བྱེད་པའི་སློབ་གྲྭ་1བཅས་ལས་མེད་པ་དང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ་2ལས་ཟིན་གྱི་མེད། ཡིག་རྨོངས་བས་བརྒྱ་ཆ་95ཡན་ཟིན་ཡོད། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་བྱུང་ཡོད། དུས་རབས་གོང་མའི་དུས་མཇུག་ཏུ། རང་ལྗོངས་སུ་རྫོང་ལ་རྫོང་སློབ་འབྲིང་ཡོད་པ་དང་། ཤང་ལ་ཤང་སློབ་ཆུང་ཡོད་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཞིང་། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ་80ཟིན་ཡོད། 2011ལོར“གཞི་རྩའི་ཆ་གཉིས”ཀྱི་འགག་སྒྲོལ་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། 2021ལོར་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་ཁྱོན་ཡོངས་ནས་ཆ་སྙོམས་ངང་འཕེལ་རྒྱས་ཡོང་བར་བྱས་ཏེ།འོས་འགན་སློབ་གསོའི་སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱས་པར་མ་ཟད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བའི་འགག་སྒྲོལ་ལས་འགན་དུས་བཀག་ལྟར་ལེགས་གྲུབ་བྱས་ཡོད། 2023ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3472ཡོད་པ་དང་། སློབ་གསོའི་ཁོངས་གཏོགས་སུ་དགེ་རྒན་དང་ལས་བཟོ་བ་ཁྲི་9.53ཡོད་པ། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་སློབ་གྲྭའི་ཁྱབ་ཁོངས་སུ་ཁྱོན་སློབ་མ་ཁྲི་96ཟིན་ནས་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་26.3ཟིན་པ། སློབ་ཞུགས་གོང་གི་སློབ་གྲྭར་ན་འདྲེས་སློབ་ཞུགས་བྱེད་ཚད་བརྒྱ་ཆ་90.43ཟིན་པ། ལོ་དགུའི་འོས་འགན་སློབ་གསོ་བརྟན་དུ་བཏང་ཚད་བརྒྱ་ཆ་97.78ཟིན་པ། མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ན་འདྲེས་སློབ་ཞུགས་བྱེད་ཚད་བརྒྱ་ཆ་91.22ཟིན་པ། མཐོ་རིམ་སློབ་གསོའི་སློབ་གྲྭར་ན་འདྲེས་སློབ་ཞུགས་བྱེད་ཚད་བརྒྱ་ཆ་57.62ཟིན་པ། སློབ་གསོའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་ལས་བརྒལ་ནས་བོད་ལྗོངས་ཀྱི་སློབ་གསོ་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-19 རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་མ་ཁྲི་96ཟིན་པ་དང་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད་བརྒྱ་ཆ་97.78ཟིན་པ། 6 6 拉萨日报藏文 c179612.html 1 བོད་ལྗོངས་ཀྱི་སློབ་གསོ་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ། /enpproperty-->