分享按钮

ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མེ་ཟོན་བདེ་འཇགས་ཀྱི“ཚེ་སྲོག་གི་བགྲོད་ལམ”ཤར་གཏོང་ཐུབ་རྒྱུ་དེ་དམིགས་འབེན་གཙོ་བོར་བཟུང་སྟེ། སྒེའུ་ཁུང་གི་ལྕགས་དྲ་བཀོག་པའི་མེ་ཟོན་བདེ་འཇགས་དང་འབྲེལ་བའི་ཆེད་དོན་བཅོས་སྐྱོང་གི་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་ལེགས་གྲུབ་བྱུང་བ་རེད།

ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཆེད་དོན་ཚོགས་འདུ་ཐེངས་གསུམ་འཚོགས་ནས་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་པ་དང་འབྲེལ་སྤྱི་བདེ་དང་སྡེ་ཁུལ་སོགས་གཞི་རིམ་གྱི་སྟོབས་ཤུགས་དང་མཉམ་འབྲེལ་ཧུར་ཐག་བྱས་ཏེ་ཁོངས་གཏོགས་ཁུལ་གྱི“གནས་ཡུལ་ཆུང་གྲས་དགུ”དང་། ལས་རིགས་མང་བའི་མཉམ་བསྲེས་ཐོན་སྐྱེད་གཉེར་སྐྱོང་བྱ་ཡུལ་དང་དེ་བཞིན་མི་སྣ་མང་བའི་གནས་ཡུལ་124ལ་ཕྱོགས་ཡོངས་ནས་ཞིབ་ཚགས་ངང་བརྟག་དཔྱད་དང་བཅོས་སྐྱོང་བྱས་ཤིང་། གཙོ་བོ་སྒོ་དང་སྒེའུ་ཁུང་ཐོག་སྒྲིག་འགལ་གྱིས་བཙུགས་པའི་ཕྱི་རོལ་གྱི་བརྡ་ཁྱབ་སྒྲིག་ཆས་དང་། ཚོང་ཁང་གི་འོས་སྐུལ་བྱང་བུ། དེ་བཞིན་རྐུན་འགོག་དྲ་བ(སྒེའུ་ཁུང) ལྕགས་དྲ་སོགས་སྲོག་ཉེན་ལས་ཐར་ས་དང་མེ་གསོད་རོགས་སྐྱོབ་ལ་འགོག་རྐྱེན་བཟོ་སྲིད་པའི་གེགས་དངོས་ལ་དམིགས་ནས་ཐོ་འགོད་བྱས་པ་དང་འབྲེལ་བཤིག་སྤོ་བྱས་པ་རེད། ཁྱོན་ས་གནས་24ཐོ་འགོད་བྱས་ཡོད་པ་རེད།

དེ་དང་ཆབས་ཅིག་ཁྲིམས་ལྟར་བཤིག་པའི་བརྒྱུད་རིམ་ནང་། རུ་ཆེན་གྱི་མེ་ཟོན་ལྟ་སྐུལ་པས“ཁ་ཏ་བསླབ་བྱ་དང་། བཤིག་སྤོ། དྲིལ་བསྒྲགས”བཅས་ཀྱི་བྱ་ཐབས་སྤྱད་དེ་ཉེ་དུས་ཀྱི་མེ་སྐྱོན་ལས་འཛོལ་གྱི་བསླབ་བྱ་དང་ཟུང་འབྲེལ་བྱས་ནས་སྡོད་དམངས་དང་ཚོང་དུད་ལ་ངང་རྒྱུད་རིང་པོའི་སྒོ་ནས་རྐུན་འགོག་སྒེའུ་ཁུང་དང་། རྐུན་འགོག་ལྕགས་དྲ། དེ་བཞིན་བརྡ་ཁྱབ་བྱང་བུ་སོགས་ཀྱི་འགོག་རྐྱེན་གྱིས་སྲོག་ཉེན་ལས་ཐར་ས་མེད་པ་དང་མེ་གསོད་རོགས་སྐྱོབ་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་སྐོར་དྲིལ་བསྒྲགས་བྱས་པ་རེད། མང་ཚོགས་ཀྱི་བསམ་ཤེས་དང་གཞོགས་འདེགས་ཐོབ་རྗེས་མེ་ཟོན་ལྟ་སྐུལ་པ་ཚོས་གཅིག་ནས་བཤིག་ཞོར་དང་གཉིས་ནས་གནས་ཡུལ་གྱི་འགན་འཁུར་བ་དང་དེ་གར་ཡོད་པའི་མང་ཚོགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་མེ་ཟོན་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དང་། སྲོག་ཉེན་ལས་ཐར་སའི་བགྲོད་ལམ་ཤར་གཏོང་ཡོང་བའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པར་མ་ཟད། ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་གནས་ཡུལ་ཁག་ལ་བཤིག་སྤོ་ནས་དག་ཐེར་ལེགས་པར་ཡོང་བར་སྐུལ་འདེད་བཏང་བ་རེད། དེ་དང་ཆབས་ཅིག་ད་དུང་ས་གནས་ཀྱི་འགན་འཁུར་བར་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་ལྟར་མེ་ཟོན་བདེ་འཇགས་ཐད་རང་བཤེར་རང་བཅོས་བྱས་ནས་མེ་ཟོན་བདེ་འཇགས་ཀྱི“ཚེ་སྲོག་གི་བགྲོད་ལམ”ཐོག་མཐའ་བར་གསུམ་དུ་ཤར་གཏོང་ཐུབ་པར་འགན་ལེན་བྱ་དགོས་པའི་སྐུལ་མ་བཏང་བ་རེད།

ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་འབྲིང་རིམ་ལས་རིགས་ཆེད་ལས་མེ་ཟོན་ལྟ་སྐུལ་བ་ཆའོ་ཞི་ཆན་གྱིས་སླད་ཕྱིན་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་སྡེ་ཚན་ཁག་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་གནས་ཡུལ་གཙོ་བོའི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་དོ་སྣང་ཆེན་པོ་བྱས་ནས་རྐུན་འགོག་སྒེའུ་ཁུང་དང་། རྐུན་འགོག་ལྕགས་དྲ། དེ་བཞིན་བརྡ་ཁྱབ་བྱང་བུ་སོགས་ཀྱིས་བགྲོད་ལམ་ལ་འགོག་རྐྱེན་བཟོ་ཚུལ་དང་མེ་ཟོན་རོགས་སྐྱོབ་ལ་གནོད་འཚེ་གཏོང་ཚུལ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱ་རྒྱུ་ཡིན། ཚན་པ་དང་མང་ཚོགས་ཀྱིས་རང་འགུལ་ངང་བཤིག་སྤོ་བྱས་ནས་སྲོལ་ཉེན་ལས་ཐར་སའི་བགྲོད་ལམ་ཤར་གཏོང་ཐུབ་པར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཀྱི་རྣམ་པ་མུ་མཐུད་བརྟན་ལྷིང་ཡོང་བར་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-17 6 6 拉萨日报藏文 c179453.html 1 ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ། /enpproperty-->