(པར་ངོས་དང་པོར་མཐུད)བོད་སྐྱོར་དཔུང་ཁག་གིས་ད་དུང་སྨན་བཅོས་ལག་རྩལ་གསར་པ་40ལྷག་ཙམ་ནང་འདྲེན་བྱས་ནས་སྨན་བཅོས་ཀྱི་ཨང་དང་པོ་དང“ནད་བཅོས་ཨང་དང་པོ”མང་པོ་བཏོད་དེ་ས་གནས་དེ་གའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་70ལྷག་ཙམ་ལ་རིན་མེད་ངང་སྨན་བཅོས་བྱས་པ་དང་འབྲེལ་ཞིང་འབྲོག་ཁུལ་དུ་ནད་པ་4830ལྷག་ཙམ་ལ་རིན་མེད་ངང་སྨན་བཅོས་བྱས་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་ཅང་སུའུ་སློབ་གྲྭ་12དང་ས་གནས་དེ་གའི་སློབ་གྲྭ་དབར་ཕན་ཚུན་འཛུགས་སྐྲུན་གྱི་འབྲེལ་བ་བཙུགས་ནས་དགེ་རྒན་སྤེལ་རེས་དང་གསོ་སྦྱོང་ལ་སྐུལ་འདེད་བཏང་བ་དང་།དེ་བཞིན་ཅང་སུའུ་དཔེ་མཚོན་འཛིན་གྲྭ་དང་མི་རིགས་སློབ་མས་ལག་གདང་སྦྲེལ་བ་སོགས་ཀྱི་བྱེད་སྒོ་བརྒྱུད་སློབ་གསོ་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད་པ་རེད། གཞན་ཡང《ལྷ་སའི་བརྩེ་དུང》སོགས་རིག་རྩལ་བརྩམས་ཆོས་གསར་རྩོམ་དང་སྐོར་སྐྱོད་འཁྲབ་སྟོན་བྱས་པ་བརྒྱུད“ཅང་སུའུ་དང་ལྷ་སའི་གཟའ་འཁོར”སོགས་ཀྱི་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་བས་སུའུ་བོད་ས་ཁུལ་གཉིས་ཀྱི་མི་དམངས་ཀྱི་བརྩེ་དུང་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།
ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་དཔུང་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་ཁྱབ་ཁོངས་སུ་གནད་ལ་འཁེལ་བའི་རོགས་སྐྱོར་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུར་གཞོལ་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་ཆེ་རུ་བཏང་ཡོད་པ་རེད།
ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པ་དང་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཅུས་ཀྲང་གཞོན་པ་བཅས་ཡིན་པའི་ཀྲང་ཅིན་ཁྲུན་གྱིས་ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་དོན་དངོས་དང་མི་དམངས་ཀྱི་བདེ་འཇགས་གནས་བབ་གལ་ཆེན་དུ་བཞག་ཡོད། དེ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གནད་འགག་ཆེན་མོ་ཞིག་ཡིན། ང་ཚོས་ལྷ་ས་གྲོང་ཁྱེར་གྱི་གློག་སྐས་སྤུས་ཚད་བདེ་འཇགས་ལོ་གསུམ་མཐོ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་བཏང་བ་དང་འབྲེལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཡང་བཞག་ཡོད། སླད་ཕྱིན་ང་ཚོས་ལས་དོན་དེ་ཕུགས་ཕན་ལམ་སྲོལ་དུ་བསྒྱུར་ནས་ལྷ་སའི་གྲོང་མིའི་བློ་ཡིད་ཚིམ་པར་བྱ་རྒྱུ་ཡིན་ཞེས་བཤད།
ཅང་སུའུ་ཞིང་ཆེན་གྱིས་དཔུང་ཁག་འཛུགས་སྐྱོང་དང་ལམ་ལུགས་ལམ་སྲོལ་ཐད་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་བོད་སྐྱོར་ལས་དོན་ནུས་ཆེ་ལག་བསྟར་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་ཡོད། རྣམ་གྲངས་འཛུགས་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩར་བརྩིས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ལམ་སྲོལ་ལག་བསྟར་བྱས་ཏེ་དུས་འགོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་བཏང་བ་བརྒྱུད་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ“ཤར་གཏོང་བགྲོད་ལམ”མཁོ་འདོན་བྱས་ཏེ་རྣམ་གྲངས་མགྱོགས་མྱུར་སྤེལ་བ་དང་འཁོར་རྒྱུག་བཟང་པོ་ཆགས་པར་འགན་ལེན་ཏན་ཏིག་བྱས་ཡོད།
ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པ་དང་སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པའི་ཙུའུ་ཀྲང་།ལྷུན་གྲུབ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ཤའོ་ཅུན་གྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ནས་ལོ་ངོ་30འཁོར་བའི་སྐབས་སུ་བོད་སྐྱོར་ལས་བྱེད་པས་ཁྱོན་ཡོངས་གཉིས་སྔར་བས་བློ་ལ་བརྟན་པོར་ངེས་ཏེ་རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བཅངས་ནས་བོད་སྐྱོར་ལས་དོན་དེ་ང་ཚོའི་མི་ཚེའི་ལོ་རྒྱུས་ཁྲོད་ཀྱི་ངོ་མཚར་ཆེ་བའི་དུས་སྐབས་ཤིག་ཏུ་དངོས་འབྲེལ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།
བྱ་སྤྱོད་དངོས་བརྒྱུད་ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་བོད་སྐྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱས་ནས་ཅང་སུའུ་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་མཛའ་གྲོགས་ཟབ་ཏུ་ཕྱིན་པར་མ་ཟད། བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཅང་སུའུ་ཞིང་ཆེན་གྱི་བློ་གྲོས་དང་སྟོབས་ཤུགས་ཀྱང་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།
(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社