分享按钮

ཚན་རྩལ་ཞབས་ཞུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་བྱེད་ཐབས་སྣ་མང་སྤྱད་དེ་དཔྱིད་རྨོད་ཐོན་སྐྱེད་ལ་རམ་འདེགས་བྱས་པ།

རང་གྲོང་གི“ཚན་རྩལ་གྱི་དཔྱིད་དུས”ཞེས་པའི་ཚན་རྩལ་གཤམ་སྐྱོད་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

པར་འདི་ནི་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་མི་སྣས་དགའ་སྤྲོའི་གླུ་གར་འཁྲབ་བཞིན་པའི་རྣམ་པ་ཡིན་པ།

ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་གྱི“ཚན་རྩལ་གྱི་དཔྱིད་དུས”ཞེས་པའི་ཚན་རྩལ་གཤམ་སྐྱོད་ཀྱི་འགོ་ཚུགས་མཛད་སྒོ་ཆུ་ཤུར་རྫོང་རྟ་དཀར་ཤང་བྱེ་ནུབ་གྲོང་ཚོར་འཚོགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ལས་ཚན་རྩལ་ལས་དོན་པས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས་དཀའ་སྤྱད་འབད་འཐབ་དང་། ཞིང་འབྲོག་པར་ཞབས་ཞུ། ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྲོལ་རྒྱུན་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་ཚན་རྩལ་ཞིང་ལས་དར་རྒྱས་གཏོང་བའི་བྱ་གཞག་ནང་ཞུགས་པ་དང་། ལས་འགན་ཡག་པོ་འཁུར་བ། སླར་ཡང་བྱས་རྗེས་འཇོག་པ། ནུས་ཤུགས་གཅིག་སྒྲིལ་བཅས་ཀྱིས་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་པ་གཏོད་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་དཔྱིད་དུས་ཐོན་སྐྱེད་གོ་སྐབས་སུ་བྱས་ནས་ཚན་རྩལ་ཞབས་ཞུའི་ལས་དོན་གཅིག་སྡུད་ཐོག་སྤེལ་ཏེ་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཞབས་ཞུའི་མ་ལག་ཧྲིལ་པོ་འཛུགས་དགོས་ཞེས་བཤད།

ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་བྱེ་ནུབ་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ཡིན་པའི་བསྟན་འཛིན་འཇིགས་མེད་ཀྱིས་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས(ཚན་རྩལ་མཐུན་ཚོགས)ཀྱིས་སྒོར་ཁྲི་3ཙམ་རི་བའི་ཚན་ཞིབ་ཀྱི་ས་བོན་གསར་པ་སྟེ། ནས་དང་། མ་རྨོས་ལོ་ཏོག་གི་ས་བོན། ཕྱུགས་སྨན་གསར་པ་བཅས་ཞལ་འདེབས་སུ་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་དེས་ཞིང་དུད་100ལྷག་ཙམ་ལ་ཕན་པ་ཐོབ་ཡོད།དངོས་པོ་དེ་དག་ནི་ཞིང་ལས་ཐོན་སྐྱེད་ཀྱི་མཁོ་ཆས་ཙམ་མ་ཡིན་པར་ཚན་རྩལ་ཅུས་ཀྱིས་གྲོང་ཚོར་བཅའ་སྡོད་སྡེ་ཚན་ཞིག་ཡིན་པའི་ངོས་ནས་བྱེ་ནུབ་གྲོང་ཚོར་སེམས་ཁུར་དང་རྒྱབ་སྐྱོར་གནང་བ་ཞིག་ཀྱང་རེད་ཅེས་བཤད།

འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཆུ་ཤུར་རྫོང་རིག་གནས་ཡུལ་སྐོར་ཅུས་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རྟ་དཀར་གྲོང་རྡལ་བྱེ་ནུབ་གྲོང་ཚོར“ཚན་རྩལ་གྱི་དཔྱིད་དུས།ཞི་མཐུན་དང་མཛེས་སྡུག་ལྡན་པའི་བྱེ་ནུབ་ཀྱི་ཤེས་དཔལ་གྲོང་ཚོའི་རྣམ་པ”ཞེས་པ་གཙོ་དོན་དུ་བྱས་པའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། གླུ་གཞས་དང་ཞབས་བྲོ་སོགས་ཀྱི་འཁྲབ་སྟོན་བྱས་ནས་ངོ་མཚར་ཆེ་བའི་རྣམ་པ་ཞིག་ཐོན་ཏེ་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཐོབ་ཡོད། གཞན་ཡང《ལྡུམ་ར》ཞེས་པའི་གླུ་གཞས་ཀྱིས་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་དེ་བཞིན་དཀའ་སྤྱད་སྙིང་རུས་ལྡན་ཞིང་སེམས་པ་བཟང་བའི་ཡུལ་མིར་བསྔགས་བརྗོད་བྱས་པས་ལྟད་མོ་བ་ཚོའི་དགའ་བསུ་ཐོབ་ཡོད།

དེ་རྗེས་འཚོགས་པའི་ནས་ཀྱི་སྣ་ཁ་གསར་པ་འདེབས་འཛུགས་དོ་དམ་གྱི་འཆད་ཁྲིད་ཁྲོད“ཁུལ་གསུམ”གྱི་ཚན་རྩལ་ཚོགས་པའི་རིགས་གཅིག་མཁས་པ་ཉི་མ་ཚེ་རིང་གིས་ཞིང་དུད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ས་བོན་འདེམས་པ་དང་ས་བོན་སྤྱོད་པ་འདེབས་འཛུགས་ལུགས་མཐུན་བྱ་རྒྱུར་མཛུབ་ཁྲིད་བྱས་པ་རེད། ཉི་མ་ཚེ་རིང་གིས་མིག་སྔར་དཔྱིད་རྨོད་དཔྱིད་གྲབས་ཀྱི་དུས་མཚམས་གལ་ཆེན་ཞིག་ཡིན་པས། ང་ཚོས་ཞིང་པའི་དགོས་མཁོ་དངོས་དང་ཟུང་འབྲེལ་ཞིབ་ཚགས་བྱས་ཐོག་ཚན་རྩལ་གྱི་ཤེས་བྱ་ཞིང་པར་བསླབ་ནས་ཚན་རྩལ་གྱིས་ཞིང་ལས་ལ་ཕན་པ་འདོགས་པ་དང་ཚན་རྩལ་གྱིས་ཞིང་ལས་དར་རྒྱས་གཏོང་གང་ཐུབ་བྱེད་དགོས་ཞེས་བཤད།

ཆུ་ཤུར་རྫོང་མཉེས་ཐང་ཤང་རྭ་སྟོད་གྲོང་ཚོའི་ཚན་རྩལ་ཆེད་ལས་ལས་བྱེད་པ་བྱམས་པ་ཆོས་གྲུབ་ཀྱིས་གཞི་རིམ་གྱི་ཚན་རྩལ་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་དེ་རིང་སྦྱངས་པའི་ཤེས་བྱ་ཧ་ཅང་གོ་ཆོད་པོ་འདུག ད་ཆ་ནི་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་ཚིགས་ཡིན་པས་ངས་ཚན་རྩལ་གྱི་གྲུབ་འབྲས་གསར་པ་དང་ལག་རྩལ་གསར་པ་དེ་དག་མང་ཚོགས་ཀྱི་ཁྲོད་ཁྱབ་གདལ་བཏང་ནས་གྲོང་ཚོའི་མང་ཚོགས་ལ་ཚན་རིག་དང་མཐུན་པའི་ཞིང་ལས་ཐོན་སྐྱེད་བྱེད་པར་མཛུབ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།

དེ་དང་ཆབས་ཅིག་གྲོང་ཁྱེར་ནད་འགོག་ཚོད་འཛིན་ལྟེ་གནས་བདེ་ཐང་སློབ་གསོ་སུའོ་ཡི་ཚན་རིག་ཁྱབ་གདལ་ལས་དོན་མི་སྣས་གྲོང་ཚོའི་བུད་མེད་ལ་དམིགས་ནས་ཤེས་དཔལ་དང་། འཕྲོད་བསྟེན། བདེ་ཐང་བཅས་ཀྱི་འཚོ་བའི་གོམས་གཤིས་ཤིག་ཆགས་རྒྱུའི་འཆད་ཁྲིད་བྱས་ཏེ་རྒྱུན་མཐོང་གི་མོ་ནད་ཚན་ཁག་གི་ནད་རིགས་དང་སྔོན་འགོག་བྱ་ཐབས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། འཕྲོད་བསྟེན་བདེ་སྲུང་གི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཤིང་།འཕྲོད་བསྟེན་གྱི་གོམས་གཤིས་རྒྱུན་འཁྱོངས་བྱས་ནས་དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་དང་སྨན་བཅོས་བྱས་ཚེ་གཞི་ནས་མོ་ནད་ཚན་ཁག་གི་ནད་རིགས་འབྱུང་རྒྱུ་སྔོན་འགོག་དང་ཉུང་དུ་གཏོང་ཐུབ་ཅེས་བཤད། གཞན་ཡང་ལས་དོན་མི་སྣས་བུད་མེད་ཚོར་འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས་བསླབས་ནས་བུད་མེད་ཚོའི་དོགས་གནས་སེལ་བར་མ་ཟད།མོ་ནད་ཚན་ཁག་གི་ནད་རིགས་ཀྱི་རྒྱུན་མཐོང་གནད་དོན་ལའང་ལན་བཏབ་ནས་བུད་མེད་ཚོས་རང་ཉིད་ཀྱི་གཟུགས་གཞིར་རྒྱུས་ལོན་དང་ཡང་དག་པའི་བདེ་སྲུང་གི་བྱ་ཐབས་ཁོང་དུ་ཆུད་པ་བྱུང་ཡོད།

ཆུ་ཤུར་རྫོང་བྱེ་ནུབ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣ་ཚེ་གཡང་གིས་དེ་རིང་གི་འཆད་ཁྲིད་ནང་བུད་མེད་ཚོའི་འཕྲོད་བསྟེན་བདེ་སྲུང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་བདེ་ཐང་གི་འཚོ་བར་སྐུལ་འདེད་བཏང་ཡོད། སླད་ཕྱིན་གྱི་ལས་དོན་ནང་ང་ཚོས་མོ་ནད་ཚན་ཁག་གི་འཕྲོད་སྦྱོར་ཤེས་བྱ་མུ་མཐུད་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་གྲོང་ཚོའི་བུད་མེད་དེ་བས་མང་བ་ཞིག་ལ་འབྲེལ་ཡོད་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱས་ཏེ་ཁོང་ཚོའི་བདེ་ཐང་གི་ཆུ་ཚད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་གྲོང་གསེབ་ཚན་རྩལ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བསོད་ནམས་དབང་མོས་ད་ཐེངས་ཀྱི་ཚན་རྩལ་གཤམ་སྐྱོད་བྱེད་སྒོའི་ནང་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས(ཚན་རྩལ་མཐུན་ཚོགས)ཀྱིས་མ་དངུལ་སྒོར་ཁྲི་10ལྷག་ཙམ་བཏང་ནས་ཞིང་འབྲོག་ལས་ཀྱི་སོན་བཟང་དང་། འདེབས་འཛུགས་ལེགས་པོ། འདེབས་འཛུགས་བྱེད་སྟངས་ལེགས་པོ་བཅས་ཁྱབ་གདལ་བཏང་བ་དང་རྫོང(ཆུས)ཁག་གིས་ལས་དོན་སྤེལ་བར་གཅིག་གྱུར་འཆར་འགོད་དང་མཛུབ་ཁྲིད་བྱེད་པ་དང་དུས་མཚུངས་ང་ཚོས་གཙོ་ཁྲིད་ཀྱིས་ཐེངས་ལྔ་ཡན་གྱི་བྱེད་སྒོ་སྤེལ་རྒྱུར་སྒྲིག་འཛུགས་བྱ་རྒྱུ་ཡིན། “ཚན་རྩལ་གྱི་དཔྱིད་དུས”ཞེས་པའི་ཚན་རྩལ་གཤམ་སྐྱོད་བྱེད་སྒོའི་སྣེ་ཁྲིད་བརྒྱུད་གྲོང་ཁྱེར་ཡོངས་སུ“ཚན་རྩལ་ལ་སློབ་སྦྱོང་དང་ཚན་རྩལ་སྤྱོད་པའི”ཚ་རླབས་ཤིག་འཕྱུར་ནས་ཞིང་འབྲོག་ལས་ཚན་རྩལ་གྱི་རྣམ་པ་གྲོང་གསེབ་ཁག་ཏུ་ཁྱབ་ཡོད་ཅེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-17 ཚན་རྩལ་ཞབས་ཞུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་བྱེད་ཐབས་སྣ་མང་སྤྱད་དེ་དཔྱིད་རྨོད་ཐོན་སྐྱེད་ལ་རམ་འདེགས་བྱས་པ། 6 6 拉萨日报藏文 c179444.html 1 རང་གྲོང་གི“ཚན་རྩལ་གྱི་དཔྱིད་དུས”ཞེས་པའི་ཚན་རྩལ་གཤམ་སྐྱོད་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->