ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྤྱི་ཚོགས་ལས་དོན་པའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པ་དང་། དྲ་མིག་ལས་དོན་པའི་ལས་སྒོའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་དྲ་མིག་ཅན་གྱི་དོ་དམ་པའི་དཔུང་ཁག་གི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་རིན་ཆེན་ཚལ་གྲོང་ཚོས་སྒྲིག་འཛུགས་བྱས་ནས“ང་ཡི་དྲ་མིག ང་ཡིས་གླེང”ཞེས་པའི་སྤྱི་ཚོགས་ལས་དོན་པའི་གཏམ་བཤད་འགྲན་བསྡུར་སྤེལ་བ་རེད།
འགྲན་བསྡུར་བྱ་ཡུལ་དུ་འགྲན་ཞུགས་བདམས་ཐོན་པས་གཙོ་དོན་ལ་དམ་པོར་དམིགས་ནས་གྲོང་གསེབ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། བྱ་བ་དངོས་སྒྲུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ། ཐོན་སྐྱེད་བདེ་འཇགས། དྲ་མིག་གི་གཉིས་ལྡན་དུད་སྦྲེལ། ཏང་དང་མང་ཚོགས་ཀྱི་ཞབས་ཞུ་སོགས་དང་ཟུང་འབྲེལ་བྱས་ཏེ། ལྷད་མེད་ཀྱི་བརྩེ་བ་དང་། བབ་ཆགས་པའི་སྐད་བརྡ། གསོན་ཉམས་ལྡན་པའི་དཔེ་མཚོན་བཅས་ཀྱི་ཐོག་ནས་མང་ཚོགས་དང་ཉེ་བཅར་ཇི་ལྟར་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཇི་ལྟར་ཞུ་བའི་ལས་ཀའི་བརྒྱུད་རིམ་གླེང་ཡོད། དེའི་ཐོག་ནས་གཞི་རིམ་སྡེ་ཁུལ་ལས་དོན་པའི་འགན་འཁྲི་འཁུར་ཕོད་པ་དང་ལེགས་སྐྱེས་འབུལ་རྒྱུར་དགའ་བའི་སྤྲོ་སེམས་དང་ངར་ཤུགས་མངོན་ཡོད། དཔྱད་འདེམས་པས་གཙོ་དོན་གྱི་ནང་དོན་དང་། གཏམ་བཤད་ཀྱི་རྩལ་ནུས། གཏམ་བཤད་ཀྱི་བྱེད་སྟངས། གཏམ་བཤད་ཀྱི་ཕན་འབྲས། དུས་ཚོད་དམ་འཛིན་བྱེད་སྟངས་བཅས་ཕྱོགས་ལྔའི་ཐད་ནས་འགྲན་ཞུགས་པར་ས་གནས་ས་ཐོག་ཏུ་སྐར་མ་བརྒྱབ་ཡོད། ཆུ་ཚོད་གཅིག་ལྷག་ཙམ་རིང་གི་འགྲན་རྩོད་དྲག་པོ་དང་ངོ་མཚར་ཆེ་བའི་སྒྲོག་འགྲེལ་བརྒྱུད་མཐར་བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་3 བྱ་དགའ་རིམ་པ་གསུམ་པ་4བཅས་བདམས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་འགྲན་བསྡུར་ཞིག་ཡིན་ལ་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་གོ་སྐབས་ཤིག་ཀྱང་རེད། སྤྱི་ཚོགས་ལས་དོན་པ་ཚོས་ལས་ཀའི་མྱོང་ཚོར་ལྷུག་པོར་གླེང་ནས་དྲ་མིག་ལས་དོན་ལ་བཅངས་པའི་བརྩེ་སེམས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།
རིན་ཆེན་ཚལ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཧྲི་ཁྲོན་གྱིས་ད་ཐེངས་ཀྱི་བྱེད་སྒོས་སྤྱི་ཚོགས་ཡོངས་ཀྱི་ལས་ཀའི་དཔུང་ཁག་ལ་ཉམས་འགྱུར་མངོན་པའི་ལས་སྟེགས་བཏོད་དེ། སྤྱི་ཚོགས་ལས་དོན་པས་སྤྱིར་བཏང་གི་ལས་གནས་ཐོག་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཡག་པོ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་ཡོད། སླད་ཕྱིན་ཚང་མས་དོན་དངོས་ཀྱི་ལས་དོན་ཁྲོད་ལེགས་སྐྱེས་འབུལ་བ་དང་འབད་འབུངས་ཡར་བརྩོན་བྱེད་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ནས་ལས་རིགས་ཀྱི་ཤེས་ལྡན་མི་སྣར་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社