分享按钮

འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་གློག་དྲའི་སྐུ་སྲུང་བ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་ཉི་མའི་སྐོར་བཀོད་པ།

ད་ལོ་ལོ་50ལྷག་ཙམ་ལ་སླེབས་པའི་བཀྲ་ཤིས་ཉི་མ་ནི་རྒྱལ་ཁབ་གློག་དྲ་ལྷ་ས་གློག་མཁོ་འདོན་ཀུང་སིའི་གྲོང་ཁུལ་གློག་མཁོ་འདོན་ཞབས་ཞུ་ལྟེ་གནས་ཀྱི་གཞི་རིམ་གྱི་ལག་རྩལ་བཟོ་པ་ཞིག་ཡིན་ལ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱི་ས་བབ་མཐོ་བའི་མཐོ་གནོན་གློག་ལྡན་ལས་སྒྲུབ་བྱེད་མཁན་ཨང་དང་པོ་དེ་ཡིན། ལས་ཀར་ཞུགས་ནས་ལོ་30ལྷག་ཙམ་སོང་བའི་རིང་། ཁོང་ཐོག་མཐའ་བར་གསུམ་དུ་གཞི་རིམ་དུ་གཞི་ཚུགས་པ་དང་ཡག་ཐོག་ཡག་བརྩེགས་ཡོང་བར་བྱས་པས་སྔ་རྗེས་སུ“བོད་ཀྱི་བཟོ་བོ”དང་། བོད་རང་སྐྱོང་ལྗོངས་ཀྱི་སྐབས་ལྔ་པའི་ངལ་རྩོལ་དཔེ་བཟང་བ་སོགས་སུ་བདམས་ཐོན་བྱུང་། 2023ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་པ་རེད།

ཉིན་ཤས་གོང་། གསར་འགོད་པས་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་ནས་བཀྲ་ཤིས་ཉི་མ་མཐོང་བྱུང་། ངོ་གདོང་ནག་པོ་དང་ཁེངས་སྐྱུང་གི་འཛུམ་མདངས་སོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དེ་ནི་བློ་དཀར་སེམས་དཀར་དང་གཞུང་དྲང་ཞིག་ཡིན་པའི་སྣང་བ་སྟེར་ཞིང་། བཀྲ་ཤིས་ཉི་མ་སྐད་གྲགས་ཡོད་པའི་མི་སྣ་ཞིག་ཏུ་གྱུར་ཡོད་ནའང་ཁོང་གིས་སྔར་བཞིན་ལོ་ན་གཞོན་པའི་གློག་ཤུགས་ལས་དོན་མི་སྣ་དང་མཉམ་དུ་གློག་ཤུགས་ལས་དོན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད། ཉིན་དེར། ཁོང་ཚོས་མཉམ་དུ་35KVལྷུན་གྲུབ་གློག་སྒྱུར་ས་ཚུགས་ཀྱི་10KVལིན་རུང་142ལམ་ཐིག་གི་ཨང་རྟགས་9པའི་500KVAགློག་སྒྱུར་སྒམ་ཞིག་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་། བཀྲ་ཤིས་ཉི་མས་བདེ་འཇགས་ལྟ་སྲུང་བའི་འགན་ཁུར་ཡོད།

བདེ་འཇགས་ར་བ་དང་ཉེན་སྐུལ་བྱང་བུ་བསྒར་བ། གློག་འགོག་ལག་ཤུབས་དང་། གློག་འགོག་ལྷམ། གློག་འགོག་ཉེན་སྲུང་ཐག་པ་སོགས་བདེ་འཇགས་འགོག་སྲུང་གི་སྒྲིག་ཆས་སྣ་ཚོགས་ལ་ཞིབ་བཤེར་བྱས་རྗེས། ཡུལ་དངོས་སུ་ཐོན་སྐྱེད་བདེ་འཇགས་ལས་སྒྲུབ་ཀྱི་ཆ་རྐྱེན་འཛོམས་མིན་ལ་ཞིབ་བཤེར་བྱས་ཏེ་གློག་ཡོད་ལས་སྒྲུབ་བདེ་འཇགས་ལ་དོ་སྣང་བྱ་དགོས་པ་སོགས་ནན་བཤད་བྱས་པ་རེད། དེ་ལྟ་བུའི་གཅིག་མཚུངས་ཀྱི་ལས་ཀ་ག་ཚོད་བྱས་མིན་གསལ་པོ་ངེས་དཀའ་ནའང་བཀྲ་ཤིས་ཉི་མས་སྔར་བཞིན་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པར་ལས་དོན་མི་སྣར་བདེ་འཇགས་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་རབ་དང་རིམ་པ་བརྩི་སྲུང་ཞུ་རྒྱུར་སྐུལ་འདེད་ནན་པོ་བྱས་ཡོད།

གྲོང་ཁུལ་གྱི་གློག་མཁོ་འདོན་ཞབས་ཞུ་ལྟེ་གནས་གློག་ཡོད་ལས་སྒྲུབ་གློག་སྲུང་འཛིན་གྲྭའི་པན་ཀྲང་གཞོན་པ་ཀྲའོ་ཧྲོའེ་ཡིས་བཀྲ་ཤིས་ཉི་མ་ནི་ཧ་ཅང་གཟབ་ནན་ཆེ་བའི་མི་ཞིག་རེད། ལས་ཀའི་ཁྲོད་ཧོལ་རྒྱུགས་གཏན་ནས་མི་བྱེད། ལས་ཀའི་ལྷུ་ཚིགས་རེ་རེ་བཞིན་ལ་བླང་བྱ་ནན་པོ་འདོན་གྱི་ཡོད། དགེ་རྒན་ཆེ་མོ་བས་དགེ་ཕྲུག་གི་ཐད་ནས་ཤེས་བྱ་སློབ་ཁྲིད་བྱེད་པར་མ་ཟད་ཉམས་མྱོང་ཡང་བརྒྱུད་ཁྲིད་བྱེད་ཀྱི་ཡོད། ཁོང་གི་སློབ་གསོ་དང་གཅེས་སྐྱོང་ལས་ང་ལ་ཕན་པ་མི་ཉུང་བ་ཞིག་ཐོབ་བྱུང་། དེའི་ཕྱིར་སློབ་སྦྱོང་དང་ལས་ཀའི་ཁྲོད་ང་ཡར་རྒྱས་ཆེན་པོ་བྱུང་ཞེས་བཤད།

རྒྱུན་གཏན་གྱི་འཐབ་ས་དང་པོའི་ལས་ཀའི་ཉམས་མྱོང་ལས་བཀྲ་ཤིས་ཉི་མས་བོད་ཀྱི་གློག་དྲ་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་། ཞན་ཆ་དང་མི་འདང་ས། ཞིང་འབྲོག་པས་དོ་ཁུར་བྱེད་པའི་གློག་སྤྱོད་ཐད་ཀྱི་གླེང་མང་བའི་གནད་དོན་སོགས་གསལ་པོར་རྟོགས་ནས་གློག་དྲ་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་མཐོང་ཡོད། 2023ལོར་བཀྲ་ཤིས་ཉི་མ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་རྗེས། ཁོང་གིས་བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དང་ཐོག་མཐའ་མཚམས་ཀྱི་གློག་ཤུགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་རེད། བཅར་འདྲི་གང་ལེགས་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག་ཚོགས་འདུ་གཉིས་ཀྱི་རིང་ཚོགས་ཆེན་ལ་བོད་ལྗོངས་ཀྱི་གློག་དྲ་གཙོ་བོ་དང་གློག་དྲ་ཆུང་གྲས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་གྲོས་འགོ་དང་དེ་བཞིན་རྫ་ཆུའི་སྟོད་རྒྱུད་དང་ཁྲུང་ཆིང་བར་གྱི་ཆེས་མཐོ་གནོན་གློག་འདྲེན་གྱི་བགྲོད་ལམ་འཆར་འགོད་རིགས་པས་ཁུངས་སྐྱེལ་ལས་དོན་སྤེལ་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་པ་རེད།

རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་རྗེས། བཀྲ་ཤིས་ཉི་མ་འཕྲལ་མར་ལྷ་སར་ལོག་ནས་ཁེ་ལས་དང་སྡེ་ཁུལ་སོགས་སུ་བསྐྱོད་དེ་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྒྲོག་འགྲེལ་གྱི་བྱེད་སྟངས་ཐོག་ནས་ཚོགས་འདུ་གཉིས་ཀྱི་དགོངས་དོན་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་གཅིག་སྒྲིལ་གྱི་ལེགས་སྐྱེས་ཕུལ་བ་རེད།

བཀྲ་ཤིས་ཉི་མས་སླད་ཕྱིན་གྱི་ལས་དོན་ཁྲོད། ངས་བྱ་བ་དངོས་སྒྲུབ་པ་དང་དམངས་ཀྱི་དཀའ་ངལ་སེལ་རྒྱུ་དེ་གཞི་འཛིན་སར་བྱས་ཏེ་མི་དམངས་ཀྱིས་རང་ཉིད་ལ་སྤྲད་པའི་དབང་ཆ་ལ་གཅེས་སྤྲས་ལྡབ་འགྱུར་དང་། སྤྱི་ཞབས་པའི་འདུ་ཤེས་དང་སྤྱོད་གཙང་གི་འདུ་ཤེས་ཟབ་ཏུ་གཏོང་བ། སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། དེ་བས་སྤྲོ་སེམས་ཆེན་པོས་འགྲན་སློང་གསར་པར་ཁ་ཕྱོགས་པ། རང་འགན་གཙང་སྒྲུབ་བཅས་ཀྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ནས་མང་ཚོགས་བློ་ཡིད་ཚིམ་པའི་ཕུལ་བྱུང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-09 རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་ཉི་མའི་སྐོར་བཀོད་པ། 6 6 拉萨日报藏文 c178965.html 1 འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་གློག་དྲའི་སྐུ་སྲུང་བ། /enpproperty-->