ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ལྗོངས་དངོས་གྲུབ་ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་ཕུན་ཚོགས་སྒྲོལ་མ་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སློབ་ཆུང་དུ་གདན་དྲངས་ཏེ། རྒྱ་ཆེའི་དགེ་སློབ་ཚོར“སློབ་གྲྭའི་ཐུབ་ཚོད་སྔོན་འགོག་བྱེད”ཅེས་པ་གཙོ་དོན་དུ་བྱས་པའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆད་ཁྲིད་ཀྱི་བྱེད་སྒོ་སྤེལ་བ་རེད།
འཆད་ཁྲིད་ཁྲོད། ཕུན་ཚོགས་སྒྲོལ་མས་ཁྲིམས་ལུགས་ཤེས་བྱ་དང་འབྲེལ་ཡོད་གྱོད་དཔེ་ཟུང་འབྲེལ་བྱས་ནས་གོ་བདེ་བའི་སྐད་བརྡ་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ། དགེ་སློབ་ཚོར་སློབ་རའི་ནང་གི་ཐུབ་ཚོད་ཀྱི་གནས་ཚུལ་ཐོན་ཚུལ་དང་། ཆད་པ་གཅོད་ཤུགས། དེ་བཞིན་གནད་དོན་འཕྲད་སྐབས་ཐག་གཅོད་བྱེད་སྟངས་སོགས་རྒྱས་པར་གླེང་བར་མ་ཟད། སློབ་མ་ཚོར་ཇི་ལྟར་བྱས་ནས་སློབ་རའི་ཐུབ་ཚོད་ལ་དོགས་ཟོན་བྱ་རྒྱུ་དང་ཁ་གཏད་གཅོག་རྒྱུའི་ཐད་སློབ་ཁྲིད་ཀྱང་གནང་བ་རེད།
འཆད་ཁྲིད་ཁྲོད། སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་། ལག་པ་བརྐྱངས་ནས་གཏམ་བཤད་སྤེལ་བ་དང་། བློ་ཁོག་ཆེན་པོས་སྐད་ཆ་འདྲི་བ་སོགས་བྱས་ཡོད། ཚང་མས་འཆད་ཁྲིད་ཀྱི་ནང་དོན་ཞིབ་ཚགས་པ་དང་། རྣམ་པ་སྣ་ཚོགས་པས་ཕན་པ་མི་དམན་པ་ཞིག་ཐོབ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སློབ་ཆུང་གི་སློབ་མ་ཀྲང་གོ་མེས་འཆད་ཁྲིད་དེ་ལས་ངས་སློབ་རའི་ཐུབ་ཚོད་ཀྱི་ཉེས་ཚབས་ཆེ་ཚུལ་དང་གནོད་འཚེ་ཕོག་མཁན་ལ་གནོད་འཚེ་ཇི་ལྟར་ཕོག་ཚུལ་ངོས་འཛིན་ཟབ་མོ་ཐུབ་བྱུང་། ང་ཚོ་ཚང་མ་སློབ་རའི་ཐུབ་ཚོད་འགོག་པའི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་གཞན་ལ་བརྩི་འཇོག་དང་། གཞན་ལ་སེམས་ཁུར། གཞན་ལ་རོགས་རམ་བཅས་བྱེད་ཤེས་པར་བྱེད་དགོས། དེ་ལྟར་བྱས་ཚེ། ང་ཚོས་གཞི་ནས་ཞི་མཐུན་གྱི་སློབ་གྲྭའི་ཁོར་ཡུག་ཅིག་གཏོད་ཐུབ་པ་དང་། སློབ་ཕྲུག་ཚང་མ་སློབ་གྲྭའི་ནང་བདེ་སྐྱིད་ངང་འཚར་ལོངས་ཡོང་ཐུབ་ཅེས་བཤད།
ཐེངས་འདིའི་བྱེད་སྒོ་ལས་སློབ་མ་ཚོས་སློབ་རའི་ནང་ཐུབ་ཚོད་འགོག་པའི་གལ་ཆེའི་རང་བཞིན་རྟོགས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཀྱི་འདུ་ཤེས་དང་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པར་མ་ཟད། དུས་བདེའི་སློབ་གྲྭ་དང་ཞི་མཐུན་གྱི་སློབ་གྲྭ་གཏོད་པར་ཡང་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ཕུན་ཚོགས་སྒྲོལ་མས་དེ་རིང་ང་ཚོས་སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་བཏང་བར་ཕན་འབྲས་ཡག་པོ་ཐོན་བྱུང་། རྒྱ་ཆེའི་སློབ་མ་ཚོར་དྲན་སྐུལ་ཞུ་རྒྱུར། གལ་ཏེ་སློབ་རའི་ནང་ཐུབ་ཚོད་བཏང་ཚེ། སློབ་གྲྭ་དང་། དགེ་རྒན། ཁྱིམ་བདག་བཅས་ལ་གནས་ཚུལ་དུས་ཐོག་ཏུ་ཤོད་དགོས།མ་ཟད་སློབ་གྲྭ་དང་། ཁྲིམས་འཛིན་ཚན་པ། ཁྱིམ་ཚང་བཅས་ཀྱིས་སེམས་ནུས་གཅིག་སྒྲིལ་གྱིས་ཁྲིམས་སྐྱོང་གི་ལྟ་བ་བཟུང་སྟེ། ན་སོ་དར་ལ་མ་འབབ་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད།
སླད་ཕྱིན། སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ཆུང་གཞོན་ནུའི་བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ལོ་ཆུང་གཞོན་ནུའི་ལུས་སེམས་ཀྱི་ཁྱད་ཆོས་དང་འཚར་ལོངས་ཀྱི་དགོས་མཁོར་དམིགས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་མུ་མཐུད་སྤེལ་བ། བཅའ་ཁྲིམས་ཁྱབ་གདལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཀྱི་ཁྱབ་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ལོ་ཆུང་གཞོན་ནུ་བདེ་ཐང་དང་སྤྲོ་སྣང་ངང་འཚར་ལོངས་ཡོང་བར་བྱ་རྒྱུ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社