ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་ཀྱིས་གནས་སྦྱར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་ཚོགས་འདུར་ཞུགས་པར་མ་ཟད། གསུང་བཤད་ཀྱང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག གནས་སྦྱར་ལས་བྱེད་པའི་འཐུས་མི་བཞི་ཡིས་གནས་སྦྱར་ལོ་གཅིག་བྱས་པའི་ལས་དོན་གྱི་ཐད་ནས་གཏམ་བཤད་སྤེལ་རེས་བྱས་ཏེ། ལས་ཀའི་གྲུབ་འབྲས་དང་གནས་སྦྱར་གྱི་མྱོང་ཚོར་ལྷུག་པོར་གླེང་བ་རེད། ཚོགས་འདུར་ཞུགས་མཁན་འགོ་ཁྲིད་ཀྱིས་ཕྱོགས་གཉིས་པོའི་གནས་སྦྱར་ལས་བྱེད་པར་ཁ་བཏགས་ཕུལ་བ་དང་འབྲེལ་གནས་སྦྱར་ལས་བྱེད་པར་དྲན་གསོའི་ལག་ཁྱེར་སྤྲད་པ་རེད།
ཞུས་ཧའེ་ཡིས་ཚང་མས་ད་རེས་ཀྱི་གནས་སྦྱར་ཉམས་མྱོང་དེ་མི་ཚེའི་འགོ་འཛུགས་ས་གསར་པར་བརྩིས་ཏེ། བློ་རྒྱ་ཆེ་བ་དང་། མཐོང་རྒྱ་ཆེ་བ། ནུས་པ་ཆ་ཚང་བ་བཅས་ཀྱི་ལེགས་ཆ་འདོན་དགོས་པ་དང་། སོ་སོའི་ཁོངས་གཏོགས་དང་སོ་སོའི་ལས་རིགས་ཀྱི་ཆུ་ཚད་མཐོ་ཤོས་ལ་དམིགས་ཏེ། ཡག་ཤོས་ལ་སློབ་སྦྱོང་དང་། བཟང་ཤོས་དང་བསྡུར་བ། མགྱོགས་ཤོས་དང་འགྲན་པ་བཅས་བྱེད་དགོས་པ། གནས་སྦྱར་བྱེད་རིང་གི་མདའ་ཤོང་མདུང་ཤོང་གི་བློ་རྒྱ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་འདུ་ཤེས་གསར་པ་དང་། ཉམས་མྱོང་གསར་པ། ཤེས་བྱ་གསར་པ་བཅས་ལ་སློབ་སྦྱོང་བྱེད་དགོས་པ། མཐོང་ཐོས་མྱོང་གསུམ་ལ་བསམ་གཞིགས་དང་ཕྱོགས་བསྡོམས་བྱས་ནས་ལས་ཀའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ཞུས་ཧའེ་ཡིས་གནས་སྦྱར་ལས་བྱེད་པ་མི་རིང་བར་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་ཁ་འབྲལ་དགོས་པས། ཚང་མ་ལས་ཀའི་ཁོར་ཡུག་གསར་པའི་ནང་གང་མགྱོགས་ཞུགས་ནས་གནས་སྦྱར་རིང་བསགས་པའི་ཉམས་མྱོང་དང་། འཇོན་ཐང་། མཛའ་གྲོགས་བཅས་ཁྲོམ་གཞུང་གི་གཞི་རིམ་གྱི་ལས་དོན་ཁྲོད་སྤྱོད་དགོས་པ་དང་། འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ནས་དུས་རབས་གསར་པར་འགན་འཁྲི་གསར་པ་སྒྲུབ་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བྱས་རྗེས་གསར་པ་འཇོག་དགོས་པ། ནམ་ཡང་སྒྱིད་ལུག་སྤངས་ནས་ཞུམ་མེད་མདུན་སྐྱོད་ཀྱིས་ལྷ་ས་དང་ཁྲེང་ཀོན་ཡུན་རིང་བདེ་འཁོད་ཡོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།
(དཔལ་སྐྱབས་རྒྱལ་དང་ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社