ཤིན་ཧྭ་གསར་འགྱུར་ཁང་ཏེ་ཧེ་ལན་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་དབྱི་རན་གྱི་ས་གནས་ཁག་གི་དམངས་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ཁྲོམ་སྐོར་འདུ་ཚོགས་འཚོགས་ནས་ཅ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱི་དམག་དོན་བྱ་སྤྱོད་དང་དེ་བཞིན་སི་རི་ཡར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཆེན་མོ་ཁང་གི་ཁེ་སྐྱོང་སྡེ་ཚན་གྱི་བཟོ་སྐྲུན་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་རེད།
ཉིན་དེའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་དབྱི་རན་གྱི་དམངས་ཚོགས་ཁྲི་ཡན་ཏེ་ཧེ་ལན་སློབ་ཆེན་གྱི་སྒོ་འགྲམ་གྱི་ཁྲོམ་གཞུང་དུ་འཛོམས་ནས་ཁྲོམ་སྐོར་གྱི་བྱེད་སྒོ་སྤེལ་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ས་ཆ་དངོས་སུ་མཐོང་གསལ། མི་རྣམས་ཀྱིས་དབྱི་རན་དང་ཕ་ལེ་སི་ཐན་གྱི་དར་ཆ་འཁྱེར་ནས་དབྱི་སི་རལ་དང་ཨ་རིར་རྒོལ་གཏམ་གཏོང་བའི་སྦྱར་ཡིག་དང་དེ་བཞིན་ཅ་ཧྲ་ས་ཁུལ་དུ་གྲོངས་པའི་ཕ་ལེ་སི་ཐན་གྱི་བྱིས་པ་དང་སི་རི་ཡར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཆེ་མོ་ཁང་དུ་འཇབ་རྒོལ་དོན་རྐྱེན་ཁྲོད་གྲོངས་པའི་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྐུ་སྲུང་རུ་ཁག་གི་ཁོངས་མིའི་འདྲ་པར་སོགས་འཁྱེར་ནས་ཨ་རི་དང་དབྱི་སི་རལ་ལ་ཁ་རྡུང་གཏོང་བའི་འབོད་ཚིག་སྒྲོག་བཞིན་ཡོད་པ་རེད།
དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྐུ་སྲུང་གི་སི་ལིང་ཧོའུ་སའེ་དབྱིན་ས་ལ་སྨི་ཡིས་ཁྲོམ་སྐོར་འདུ་འཛོམས་ཐོག་གཏམ་བཤད་སྤེལ་ནས་དབྱི་སི་རལ་གྱིས་ས་ཁུལ་དེར་སྤེལ་བའི་ལྐོག་གཡོའི་མཇུག་འབྲས་ལ་འགན་འཁུར་དགོས་པའི་ཐ་ཚིག་བསྒྲགས་པ་དང་འབྲེལ་ཨ་རིས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱས་པའི་ཉེས་གསོག་ལ་རྒོལ་གཏམ་བཏང་བ་རེད། ས་ལ་སྨི་ཡིས་དབྱི་སི་རལ་གྱིས་ངེས་པར་དུ་བདེ་འཇགས་མེད་པར་བཟོ་བ་བརྒྱུད་རང་ཉིད་ཀྱི་བདེ་འཇགས་འགན་ལེན་བྱེད་ཐབས་བྲལ་བ་ཤེས་རྟོགས་ཐུབ་དགོས་ཞེས་དང་དེ་དང་ཆབས་ཅིག་དབྱི་རན་གྱིས་དགྲ་ཟླར་འཛིན་པའི་བྱ་སྤྱོད་སྣང་མེད་དུ་མི་གཏོང་བར་ང་ཚོ་དཔའ་ངར་ཆེ་བའི་མི་རིགས་ཀྱིས་དབྱི་སི་རལ་ལ་ཆད་པ་གཅོད་རྒྱུ་ཡིན་ཞེས་བཤད་པ་རེད།
ཁྲོམ་སྐོར་འདུ་འཛོམས་ནང་ཞུགས་མཁན་དབྱི་རན་གྱི་དམངས་ཚོགས་པ་ཧོ་ཀྲོའར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དབྱི་སི་རལ་སྲིད་དབང་གི་གདུག་རྩུབ་ཆེ་བའི་འཇིགས་སྐུལ་བྱེད་སྤྱོད་ཀྱིས་ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་རྡོག་རོལ་ཚབས་ཆེན་བཏང་བར་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རྒོལ་གཏམ་གཏོང་རྒྱུ་ཡིན་ཞེས་བཤད། གཞན་ཡང་དབྱི་རན་གྱི་དམངས་ཚོགས་ཨ་དབྱི་ཧོ་ཨེན་གྱིས་དབྱི་སི་རལ་གྱིས་མངོན་སུམ་འཛེམས་མེད་ངང་སི་རི་ཡར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཆེན་མོ་ཁང་གི་ཁེ་སྐྱོང་སྡེ་ཚན་ལ་འཇབ་རྒོལ་བྱས་པ་ནི་མི་རྣམས་ཁོང་ཁྲོ་ཟ་དགོས་པ་ཞིག་ཡིན་ལ་དེ་ནི་མངོན་སུམ་འཛེམས་མེད་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་ཅིག་རེད་ཅེས་བཤད་པ་རེད།
ཉིན་དེར་དབྱི་རན་གྱི་རྒྱལ་ས་ཏེ་ཧེ་ལན་དུ་འདུ་འཛོམས་བྱེད་མཁན་དམངས་ཚོགས་ཀྱིས་ད་དུང་ཚེས་1ཉིན་སི་རི་ཡར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཆེན་མོ་ཁང་དུ་འཇབ་རྒོལ་བྱུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྐུ་སྲུང་གི་ཁོངས་མི་7ལ་འདས་མཆོད་བྱས་པ་རེད།
ཚེས་1ཉིན།སི་རི་ཡར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཁང་གི་ཁེ་སྐྱོང་སྡེ་ཚན་གྱི་བཟོ་སྐྲུན་ལ་འཕུར་མདེལ་གྱི་འཇབ་རྒོལ་ཕོག་ནས་ཉུང་མཐར་ཡང་མི་13རྐྱེན་ལམ་དུ་ཤོར་ཡོད། དབྱི་རན་ཕྱོགས་ཀྱིས་འདས་པོའི་ཁྲོད་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྐུ་སྲུང་དཔུང་སྡེའི་ཁོངས་གཏོགས་ཀྱི་གནས་མཆོག་ཡུལ་སྐོར་གྱི་མཐོ་རིམ་བཀོད་འདོམས་པ་ཚུད་ཡོད་ཅེས་བཤད་པ་རེད།དབྱི་རན་དང་སི་རི་ཡར་འཇབ་རྒོལ་བྱུང་བ་ནི་དབྱི་སི་རལ་གྱིས་བསླངས་པ་ཞིག་ཡིན་པས་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་དང་སྲིད་འཛིན་ལའེ་ཞིས་གཉིས་པོས་འཁོན་ལན་སློག་རྒྱུའི་དམ་བཅའ་བཞག་ཡོད་ཅེས་བརྗོད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社