分享按钮

མོ་ཞི་ཁོ་ཡིས་ཨེ་ཁྭ་ཏོར་དང་འབྲེལ་ཐག་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་མོ་ཞི་ཁོ་གྲོང་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་མོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཀྲང་པར་སའེ་ན་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་མོ་ཞི་ཁོ་ཡིས་ཨེ་ཁྭ་ཏོར་དང་ཕྱི་འབྲེལ་གྱི་འབྲེལ་བ་འཕྲལ་མར་བཅད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

པར་སའེ་ན་ཡིས་ཨེ་ཁྭ་ཏོར་ཕྱོགས་ཀྱིས་མངོན་སུམ་འཛེམས་མེད་ངང《ཝི་ཨེན་ནའི་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས》ལས་འགལ་བ་དང་དེ་བཞིན་ཨེ་ཁྭ་ཏོར་རུ་བཅའ་སྡོད་མོ་ཞི་ཁོའི་ཕྱི་འབྲེལ་མི་སྣར་གནོད་འཚེ་ཕོག་པར་དམིགས་ནས། མོ་ཞི་ཁོ་ཕྱོགས་ཀྱིས་གཏན་འབེབས་དེ་བྱས་ཡོད་ཅེས་གསུངས་པ་རེད། མོ་ཞི་ཁོ་ཡི་སྲིད་འཛིན་ལུའོ་ཕེ་སིས་སྔ་ས་ནས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་ཨེ་ཁྭ་ཏོར་ཕྱོགས་ཀྱི་བྱ་སྤྱོད་དེས་རྒྱལ་སྤྱིའི་བཅའ་ཁྲིམས་དང་མོ་ཞི་ཁོ་ཡི་བདག་དབང་ལ་མངོན་སུམ་འཛེམས་མེད་ངང་བཙན་གནོད་བྱས་པ་ཞིག་རེད་ཅེས་བཤད་པ་དང་ཕྱི་འབྲེལ་སྡེ་ཚན་གྱིས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་མཚམས་འཇོག་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད་ཅེས་བཤད་པ་རེད།

ཚེས་5ཉིན་གྱི་སྔ་དྲོར་ལུའོ་ཕེ་སིས་མོ་ཞི་ཁོ་ཕྱོགས་ཀྱིས་ཨེ་ཁྭ་ཏོར་རུ་བཅའ་སྡོད་རྒྱལ་ཁབ་དེའི་གཞུང་ཚབ་ཆེ་མོ་བ་ཚུར་ལོག་དགོས་པའི་བཀའ་བཏང་མོད། འོན་ཀྱང་ཨེ་ཁྭ་ཏོར་ཕྱོགས་དང་ཕྱི་འབྲེལ་གྱི་འབྲེལ་བ་གཅོད་མི་སྲིད་ཅེས་བརྗོད་པ་རེད། མོ་ཞི་ཁོའི་ཕྱི་འབྲེལ་པུས་དེ་རྗེས་སྤྱི་བསྒྲགས་སྤེལ་ནས་མོ་ཞི་ཁོ་སྲིད་གཞུང་གིས་ཨེ་ཁྭ་ཏོར་གྱི་དེ་སྔའི་སྲིད་འཛིན་གཞོན་པ་ཧོར་ཧོ·ཀེ་ལ་སིར་ཆབ་སྲིད་ཀྱི་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཨེ་ཁྭ་ཏོར་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་5ཉིན་གྱི་དགོང་མོ་ཨེ་ཁྭ་ཏོར་གྱི་བདེ་འཇགས་དཔུང་སྡེས་ལྕགས་ཁྲབ་རླངས་འཁོར་བཏང་སྟེ་ཨེ་ཁྭ་ཏོར་རུ་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཆེན་མོ་ཁང་དུ་བསྐྱོད་ནས་གཞུང་ཚབ་ཁང་གི་ཀེ་ལ་སི་འཛིན་བཟུང་བྱས་པ་རེད།ཨེ་ཁྭ་ཏོར་གྱི་སྲིད་འཛིན་ལས་ཤག་གིས་དེ་རྗེས་སྤྱི་བསྒྲགས་སྤེལ་ནས་བདེ་འཇགས་དཔུང་སྡེས་ཀེ་ལ་སི་འཛིན་བཟུང་བྱས་ཡོད་ཅེས་བཤད་པ་རེད།

ཀེ་ལ་སི་ན་ནིང་ཟླ་12པར་མོ་ཞི་ཁོའི་གཞུང་ཚབ་ཆེན་མོ་ཁང་དུ་བསྐྱོད་དེ་འགེབས་སྲུང་བྱ་རྒྱུའི་རེ་བ་བཏོན་པ་དང་དེ་རྗེས་མོ་ཞི་ཁོ་སྲིད་གཞུང་གིས་ཨེ་ཁྭ་ཏོར་ཕྱོགས་ཀྱིས་གཞུང་ཚབ་ཆེན་མོ་ཁང་དུ་ཀེ་ལ་སི་འཛིན་བཟུང་བྱ་རྒྱུའི་རེ་བ་ཁས་མ་བླངས་པ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-08 6 6 拉萨日报藏文 c178944.html 1 མོ་ཞི་ཁོ་ཡིས་ཨེ་ཁྭ་ཏོར་དང་འབྲེལ་ཐག་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་པ། /enpproperty-->