ཤིན་ཧྭ་གསར་འགྱུར་ཁང་ཁེ་རོ་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ།ཚེས་5ཉིན།ཁར་ཐུམ་གྱིས་གནས་ཚུལ་སྤེལ་གསལ། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ(འཛམ་གླིང་འབྲུ་རིགས་ཧྲུའུ)ཡིས་འབོད་སྐུལ་བྱས་དོན།མི་ཆོས་རིང་ལུགས་ཀྱི་བར་ཁྱམས་ཤར་གཏོང་ཐུབ་པར་བྱས་ནས་སུའུ་ཏན་དུ་རྒྱུན་ཆད་མེད་པར་བསྐྱོད་རྒྱུར་རོགས་རམ་བྱེད་དགོས་ཤིང་།དེ་འདྲ་མ་བྱས་ཚེ་ཐན་པ་བསྟན་པའི་དུས་ཚིགས་སླེབས་པ་དང་བསྟུན་ནས་སྔར་བྱུང་མ་མྱོང་བའི་མུ་གེ་དེ་སུའུ་ཏན་ཧྲིལ་པོར་ཁྱབ་རྒྱུ་རེད།
ཉིན་དེར་འཛམ་གླིང་འབྲུ་རིགས་ཧྲུའུ་ཡིས་གསལ་བསྒྲགས་སྤེལ་ནས་འཛམ་གླིང་འབྲུ་རིགས་ཧྲུའུ་ཡི་རོགས་སྐྱོབ་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་རུ་ཁག་གཉིས་ཟླ་གསུམ་པའི་ཟླ་སྨད་དུ་ཆ་ཏེ་མཐའ་མཚམས་བརྒྱུད་སུའུ་ཏན་ཏར་ཕུར་ས་ཁུལ་དུ་སླེབས་པ་ར་སྤྲོད་བྱས་པ་རེད།དེ་ནི་འདི་ལོའི་ཟླ་2པར་སུའུ་ཏན་ཕྱོགས་ཀྱིས་ཆ་ཏེ་ནས་སུའུ་ཏན་དུ་སྐྱོད་པའི་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་སྒོ་བརྒྱབ་རྗེས་ས་ཁུལ་དེར་འབྱོར་བའི་འཛམ་གླིང་འབྲུ་རིགས་ཧྲུའུ་ཡི་རོགས་སྐྱོབ་རླངས་འཁོར་རུ་ཁག་ཁག་དང་པོ་དེ་ཡིན་པ་རེད།དངོས་རྫས་འདི་དག་གིས་ཏར་ཕུར་ས་ཁུལ་གྱི་ཆེས་བཀྲེས་ལྟོགས་ཀྱིས་མནར་བའི་མི་ཚོགས་ཁྲི་25ལ་ཟས་རིགས་འདོན་སྤྲོད་བྱེད་ཐུབ་པར་རེ་བ་ཡོད།གཞན་ཡང་འབྲུ་རིགས་སྐྱེལ་འདྲེན་རླངས་འཁོར་6ཟླ་3པའི་ཟླ་མཇུག་ཙམ་ལ་ཤར་རྒྱུད་ཀྱི་སུའུ་ཏན་གྲུ་ཁ་ནས་ཏར་ཕུར་ས་ཁུལ་དུ་འབྱོར་ཞིང་།དེ་ནི་ཟླ་བ་6གི་རྗེས་སུ་རོགས་སྐྱོབ་དངོས་ཟོག་གདོང་ཐུག་ས་ཁོངས་བརྒྱུད་དེ་ས་ཁུལ་དེར་སླེབས་ཡོད་པ་རེད།
སུའུ་ཏན་དུ་བཅའ་སྡོད་འཛམ་གླིང་འབྲུ་རིགས་དོ་དམ་ཧྲུའི་འཐུས་མི་ཨའེ་ཏི·ལུའོ་ཡིས་གསལ་བསྒྲགས་ནང་ང་ཚོས་རོགས་སྐྱོབ་དངོས་རྫས་དེ་བསྐྱོད་ཆོག་པའི་ལམ་ཕྱོགས་བརྒྱུད་དམག་འཁྲུག་དང་གཏོར་བཤིག་ཚབས་ཆེན་ཕོག་པའི་སྡེ་ཁུལ་དུ་མུ་མཐུད་དབོར་དགོས་ཀྱི་ཡོད།གཟའ་འཁོར་ཁ་ཤས་ཀྱི་རྗེས་སུ་ཐན་དུས་སླེབས་ཀྱི་ཡོད་པས། སྐབས་དེ་དུས་སུའུ་ཏན་ཧྲིལ་པོར་སྔར་བྱུང་མ་མྱོང་བའི་མུ་གེ་དང་འཚོ་བཅུད་མི་འདང་བའི་གནད་དོན་ཐོན་ཉེན་ཡོད་ཅེས་བཤད་པ་རེད།
ཨའེ་ཏི·ལུའོ་ཡིས་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་ཚང་མ་སྒོ་དབྱེ་དང་ལྷག་དོན་དུ་ཆ་ཏེ་ནས་སུའུ་ཏན་དུ་འཛུལ་བའི་ལམ་བུ་མུ་མཐུད་སྒོ་འབྱེད་རྒྱུའི་རེ་འབོད་བྱས་པ་རེད།དེ་དང་ཆབས་ཅིག་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་རོགས་ཟླས་སུའུ་ཏན་དུ་རོགས་སྐྱོབ་དངོས་རྫས་དབོར་འདྲེན་བྱེད་སྐབས་བདེ་འཇགས་ཐད་འགན་ལེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
2023ལོའི་ཟླ་4ཚེས་15ཉིན་སུའུ་ཏན་གྱི་དྲག་ཆས་དཔུང་སྡེ་དང་སུའུ་ཏན་མྱུར་མགྱོགས་རོགས་སྐྱོབ་དཔུང་སྡེ་གཉིས་རྒྱལ་ས་ཁར་ཐུམ་དུ་དྲག་པོའི་གདོང་ཐུག་ཐོན་ནས་དམག་འཁྲུག་གི་མེ་ལྕེ་ས་ཁུལ་གཞན་དག་ཏུ་ཁྱབ་པ་རེད། གདོང་ཐུག་གིས་སུའུ་ཏན་གྱི་མི་ཁྲི་1.4ཙམ་རྐྱེན་ལམ་དུ་ཤོར་བ་དང་།མི་ཁྲི་810ལྷག་ཙམ་ཡུལ་གྱར་དུ་སོང་བ།མི་ཁྲི་1800ལྷག་ཙམ་ལ་བཀྲེས་ལྟོགས་ཀྱིས་མནར་ཡོད།སུའུ་ཏན་ཕྱོགས་ཀྱིས་འདི་ལོའི་ཟླ་གཉིས་པར་མི་ཆོས་རོགས་སྐྱོབ་ཀྱི་དངོས་ཟོག་ཆ་ཏེ་ནས་སུའུ་ཏན་དུ་ནང་འདྲེན་བྱ་རྒྱུའི་ཆོག་འཐུས་ལག་ཁྱེར་མེད་པར་བཟོས་པ་དང་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད་སུའུ་ཏན་སྲིད་གཞུང་གིས་ཟླ་3ཚེས་6ཉིན་མི་ཆོས་རོགས་སྐྱོབ་ཀྱི་དངོས་ཟོག་ས་མཚམས་མང་པོ་ནས་དབོར་འདྲེན་བྱེད་ཆོག་པའི་མོས་མཐུན་བྱས་པ་རེད།
(བུ་ཆུང་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社