分享按钮

ཙི་པའོ་བསྲེགས་ཟས་དེང་སང་ཡང་སྐད་གྲགས་ཆོད་འདུག་གམ།

ད་ལོའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་སྐབས་སུ་ སྔར་བཞིན་སྐུ་མགྲོན་མང་པོ་སླེབས་ཡོད་པ།

དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་ཀྱི་སྐབས་སུ། དྲ་བའི་ཐོག་སྐད་གྲགས་ཆོད་པའི་ཙི་པའོ་གྲོང་ཁྱེར་ལ་སླར་ཡང་མི་ཚོགས་ཀྱིས་ཁེངས་འདུག ན་ནིང་དཔྱིད་ཀར་བསྲེགས་ཟས་ལ་བརྟེན་ནས་སྐད་གྲགས་ཆོད་པ་ནས་བཟུང་། བཟོ་ལས་གྲོང་ཁྱེར་རྙིང་པ་དེའི་རིག་གནས་ཡུལ་སྐོར་མུ་མཐུད་ནས་ཡག་པོ་བྱུང་བ་དང་། ས་གནས་དེ་གས་ཀྱང་བྱ་ཐབས་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ། སྐད་གྲགས་མུ་མཐུད་ཆོད་རྒྱུའི་འགན་ལེན་བྱས་པ་རེད།

ཚེས་5ཉིན་གྱི་དགོང་མོར། ཙི་པའོ་ཀྲང་ཏན་ཆུས་ཀྱི་བསྲེགས་ཟས་ཁང་ཞིག་གི་ཕྱི་ནང་ཀུན་ཏུ་བསྲེགས་ཟས་བཟའ་བར་ཡོང་མཁན་གྱི་ཡུལ་སྐོར་བས་ཁེངས་ཤིང་། བསྲེགས་ཟས་ཚོང་ཁང་གི་འགན་འཁུར་བ་ཧྥང་ཤིན་གྱིས་གསར་འགོད་པར་གུང་གསེང་འགོ་ཚུགས་པ་ནས་ད་བར། ང་ཚོ་ཚང་མས་ཉིན་མཚན་མེད་པར་བསྲེགས་ཟས་གྲ་སྒྲིག་བྱེད་ཀྱི་ཡོད་པར་མ་ཟད། ས་ཆ་གཞན་ནས་ཡོང་བའི་ཡུལ་སྐོར་བའི་དགའ་ཕྱོགས་ལྟར་བསྲེགས་ཟས་ཀྱི་རྒྱུ་ཆ་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་བཤད། ཁོང་ཚོས་ད་དུང་ལས་མི་གཉིས་བཀོད་སྒྲིག་བྱས་ནས་ཡུལ་སྐོར་བར་བག་ལེབ་བཟོ་སྟངས་ཀྱང་བསླབ་ཀྱི་ཡོད་པར་མ་ཟད། ཡུལ་སྐོར་བར་ཡུལ་སྐོར་བྱེད་ས་ཡང་ངོ་སྤྲོད་བྱེད་ཀྱི་ཡོད་པ་དང་། བང་བསྒྲིགས་ཡུན་རིང་བའི་སྐབས་སུ། འཛད་སྤྱོད་པར་བསྲེགས་ཟས་ཁང་གཞན་དུ་འགྲོ་རྒྱུར་ཁྲིད་སྟོན་བྱས་ཏེ་ཡུལ་སྐོར་བར་ཉམས་ལེན་ཡག་པོ་ཞིག་ཡོང་རྒྱུར་འགན་ལེན་བྱས་པ་རེད།

ཧྥང་ཤིན་གྱིས་ཡུལ་སྐོར་བ་མང་ཆེ་བ་ན་ནིང་དང་མི་འདྲ་བར་བསྲེགས་ཟས་ཁོ་ན་ཟ་བ་ཙམ་མ་ཡིན་པར་ཁོང་ཚོས་ཙི་པའོ་གྲོང་ཁྱེར་གྱི་ས་གནས་འདི་གའི་ལོ་རྒྱུས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཡུལ་སྲོལ་གོམས་གཤིས་སོགས་ལ་དེ་བས་ཀྱང་ཤེས་རྟོགས་བྱེད་འདོད་འདུག་ཅེས་བཤད།

ཙི་པའོ་ཡི་པ་ཏ་ཅུད་དམངས་ཕན་ཁྲོམ་རའི་བག་ལེབ་བསྲེགས་མའི་ཁྲོམ་བཀྱག་ཞིག་གི་མདུན་དུ། ཧོ་པེ་ཆིན་ཧོང་ཏའོ་ནས་ཡོང་བའི་ཡུལ་སྐོར་བ་ཝང་ཡན་གྱིས་བག་ལེབ་བསྲེགས་མ་ཐུམ་སྒྲིལ་རྒྱག་བཞིན་ཡོད་པ་དང་། ཁོང་གིས་བག་ལེབ་འདིའི་བྲོ་བ་ཧ་ཅང་ཞིམ་པོ་འདུག ད་ལྟ་ནི་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་མེད་སྙམ་ནས་ད་ཐེངས་ཡུལ་སྐོར་ལ་ཡོང་བ་ཡིན། འོན་ཀྱང་འདིར་སླེབས་རྗེས། འཚང་ཁ་ཤིག་ཤིག་གི་རྣམ་པ་འདིས་ང་ཧང་སངས་སོང་ཞེས་བཤད་པ་རེད།

གུང་གསེང་གི་སྐབས་སུ། པ་ཏ་ཅུད་ཀྱི་ཚོང་ཁང་མང་ཆེ་བའི་སྒོ་འགྲམ་དུ་སླར་ཡང་བང་རིང་པོ་བསྒྲིགས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་ཀ་ཤར་བ་ནས་བཟུང་། པ་ཏ་ཅུད་ཀྱི་ཁྲོམ་རའི་འགྲུལ་རྒྱུན་མུ་མཐུད་མང་དུ་ཕྱིན་པ་སྟེ། དུས་རྒྱུན་གཟའ་མཇུག་ཏུ་ཉིན་རེར་འགྲུལ་རྒྱུན་མི་ཐེངས་ཁྲི་8ཟིན་གྱི་ཡོད་མོད། གུང་གསེང་གི་སྐབས་སུ་ཉིན་རེར་འགྲུལ་རྒྱུན་མི་ཐེངས་ཁྲི་10ཟིན་གྱི་ཡོད་པ་རེད།

ལོ་གཅིག་ལྷག་ཙམ་རིང་། ཙི་པའོ་ཡི་བསྲེགས་ཟས་དང་དེ་བཞིན་རིག་གནས་ཡུལ་སྐོར་ལ་རྒྱུན་མཐུད་ནས་དགའ་བསུ་ཐོབ་པ་དང་། དེ་ནི་ཙི་པའོ་ཡི་མི་བཟང་པོ་ཡོད་པ་དང་། དངོས་པོ་ཡག་པོ་ཡོད་པ། སེམས་པ་མཐུན་པ་བཅས་དང་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། དེའི་རྒྱབ་ཕྱོགས་སུ་ཕྱོགས་ཁག་གིས་ཀྱང་སྐད་གྲགས་གང་ཡང་མེད་པར་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད།

པ་ཏ་ཅུད་ཀྱི་དམངས་ཕན་ཁྲོམ་རའི་དོ་དམ་གཞུང་ལས་ཁང་གི་འགན་འཁུར་བ་ཀྲེན་ཧའོ་ལིན་གྱིས་གསར་འགོད་པར། ང་ཚོས་ན་ནིང་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་ཆེད་མངགས་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཏེ་ལས་རེས་བྱེད་པ་དང་ལམ་སྟོན་བྱེད་ཀྱི་ཡོད། ད་དུང་ཞུ་གཏུག་ཐད་སྦྲེལ་ཁ་པར་3127002བཙུགས་ནས་མགྱོགས་མྱུར་ངང་བདག་སྤྲོད་དང་། མགྱོགས་མྱུར་ངང་ཐག་གཅོད། མགྱོགས་མྱུར་ངང་ལན་སློག་པ་བཅས་རྩ་དོན་དུ་བྱས་ནས་ཞུ་གཏུགས་དང་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།

དྲ་བའི་ཐོག་སྐད་གྲགས་ཆོད་པའི་ཧའེ་ཏའེ་ཐོག་ཁང་གནས་སའི་ཆི་ཧྲེང་མཚེའུ་སྤྱི་གླིང་གི་ཉེ་འགྲམ་དུ། དང་བླངས་ཞབས་ཞུའི་ས་ཚིགས་མང་པོ་བཙུགས་ཡོད། ཕུར་མེད་སྟོད་གོས་དམར་པོ་གྱོན་པའི་དང་བླངས་པ་ལི་ཀྲེང་ཅན་གྱིས་ཡུལ་སྐོར་བར་བདེ་འཇགས་ལ་དོ་སྣང་བྱས་ནས་ཡ་རབས་ངང་ཡུལ་སྐོར་བྱེད་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད། ཁོང་གིས་སྤྲོ་སེམས་འཁོལ་བའི་ངང་ཡུལ་སྐོར་བར་ལམ་ཐིག་ཐད་ཁྲིད་སྟོན་བྱེད་ཀྱི་ཡོད་ལ། ད་དུང་ཡུལ་སྐོར་བར་པར་རྒྱག་རོགས་ཀྱང་བྱེད་ཀྱི་ཡོད་པས། ཡུལ་སྐོར་བའི་དགའ་བསུ་ཚད་མེད་ཐོབ་ཀྱི་ཡོད་པ་དང་། ཡུལ་སྐོར་བའི་འཛུམ་མདངས་ཀྱིས་ཁོང་ལ་ཡང་སྤྲོ་སྣང་ཚད་མེད་སྦྱིན་ཡོད།

དང་བླངས་པའི་ཚོགས་པའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོས་ཆི་ཧྲེང་མཚེའུ་སྤྱི་གླིང་གི་ཉེ་འགྲམ་དུ་དང་བླངས་པ་200ལྷག་ཙམ་བཀོད་སྒྲིག་བྱས་ཡོད་ཅིང་། དང་བླངས་པས་ཉིན་རེར་ལས་ཀ་ཐེངས་3རེ་བྱེད་དགོས་ཀྱི་ཡོད་པ་དང་། དུས་བཀག་ལྟར་གནས་ཐོག་ལས་རེས་བྱེད་ཀྱི་ཡོད། དང་བླངས་ཞབས་ཞུའི་ས་ཚིགས་ཀྱིས་ད་དུང་ཡུལ་སྐོར་བར་རིན་པ་མི་དགོས་པར་རྡོག་ཁྲེས་ཉར་བའི་ཞབས་ཞུ་མཁོ་འདོན་བྱས་པ་དང་འབྲེལ་འཕྲལ་སྡོམ་སྨན་སྒམ་སོགས་དམངས་ཕན་དངོས་ཟོག་ཀྱང་བཀོད་སྒྲིག་བྱས་ནས་ཡུལ་སྐོར་བ་དགའ་དགའ་སྤྲོ་སྤྲོའི་ངང་ཡུལ་སྐོར་བྱ་རྒྱུར་འགན་ལེན་བྱས་ཡོད་པ་རེད། (ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་4ཚེས་6ཉིན་འབྱོར་བའི་གློག་འཕྲིན)(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-08 ཙི་པའོ་བསྲེགས་ཟས་དེང་སང་ཡང་སྐད་གྲགས་ཆོད་འདུག་གམ། 6 6 拉萨日报藏文 c178937.html 1 ད་ལོའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་སྐབས་སུ་ སྔར་བཞིན་སྐུ་མགྲོན་མང་པོ་སླེབས་ཡོད་པ། /enpproperty-->