ཤིན་ཧྭ་གསར་འགྱུར་ཁང་ཐའེ་དབན་ཧྭ་ལེན་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ནི་ཐའེ་དབན་ཧྭ་ལེན་དུ་ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་བཞི་པ་དེ་ཡིན་ཞིང་།ཆུ་ཚོད་14དང་སྐར་མ་50ཡོལ་ཙམ་ལ་ཀའོ་ཞུང་གྲོང་ཁྱེར་དམིགས་བསལ་འཚོལ་སྐྱོབ་རུ་ཁག་གི་རུ་དཔོན་སུའུ་ཡུས་མིང་གིས་སྨྱན་སྦྱོར་ཐོག་ཧྲ་ཁ་ཏང་གི་རྐང་ཐང་ལམ་དུ་ལོ་21ལ་སླེབས་པའི་རུས་མིང་ཧུའུ་ཡི་བུད་མེད་ཞིག་འཚོལ་ཐུབ་ཀྱང་དབུགས་ཆད་ཟིན་པ་ར་སྤྲོད་བྱས་ཡོད། ཐའེ་ཝན་ཧྭ་ལེན་ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་13བར་མང་དུ་ཕྱིན་ཡོད།
སུའུ་ཡུས་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་ཧྭ་ལེན་དང་ཀའོ་ཞུང་ས་ཆ་གཉིས་ཀྱི་འཚོལ་སྐྱོབ་རུ་ཁག་གིས་མི་10དང་ཁྱི་3མངགས་ནས་ཧྲ་ཁ་ཏང་གི་རྐང་ཐང་ལམ་དུ་དཀའ་གནས་སུ་གྱར་བའི་མི་སྣ་འཚོལ་སྐྱོབ་བྱས་ཡོད། ཆུ་ཚོད་11དང་སྐར་མ་35ཡི་ཐོག་འཚོལ་སྐྱོབ་ཁྱིས་ས་རྡོའི་འོག་རྐྱེན་ལམ་དུ་ཤོར་བའི་མི་མནན་ཡོད་པ་ཤེས་རྟོགས་བྱུང་ཡོད། འཚོལ་སྐྱོབ་མི་སྣས་ཐོབ་ཐང་ལག་ཁྱེར་གྱི་ཐོག་ནས་རུས་མིང་ཧུའུ་ཡི་བུད་མེད་ཁོང་གཅིག་པུ་ཡུལ་སྐོར་དུ་ཡོང་བ་ཤེས་རྟོགས་བྱུང་བ་དང་།ཚེས་5ཉིན་ཤེས་རྟོགས་བྱུང་བའི་རྐྱེན་ལམ་དུ་ཤོར་བའི་མི་གཉིས་དབར་བར་ཐག་སྨི་20ཙམ་ལས་མེད། མིག་སྔར་ཕུང་པོ་ཧྭ་ལེན་གྲོང་ཁྱེར་གྱི་པུར་ཁང་དུ་དབོར་ཡོད་པ་རེད།
ཉིན་དེའི་ཆུ་ཚོད་15ཡི་བར་ཧྲ་ཁ་ཏང་གི་རྐང་ཐང་ལམ་དུ་མི་3ལ་འབྲེལ་བ་ཐུབ་མེད།ཤེས་རྟོགས་བྱུང་བར་གཞིགས་ན། གནས་འདིར་ཡུལ་སྐོར་བྱེད་མཁན་ནང་མི་ལྔ་ཡི་ཁྲོད་ནས་ཨ་མ་དང་། གཅུང་མོ། གཅུང་པོ་བཅས་སྐྱོབ་ཐུབ་ཡོད། སུའུ་ཡུས་མིང་གིས་འཚོལ་སྐྱོབ་རུ་ཁག་གིས་ནུས་ཤུགས་གང་ཡོད་བཏོན་ནས་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་སྲོག་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད།
ཚེས་6ཉིན།ཧྭ་ལེན་དུ་མུ་མཐུད་ཆར་པ་འབབ་བཞིན་ཡོད། ཐའེ་དབན་གྱི་གནམ་གཤིས་ཚན་པས་བསྡོམས་རྩིས་བྱས་པར་གཞིགས་ན། ཚེས་6ཉིན་གྱི་ཆུ་ཚོད་13དང་སྐར་མ་57བར་ཡོམ་འཕྲོ་ཐེངས་615བརྒྱབ་པ་དང་ཡོམ་ཚད་ཉུང་དུ་ཕྱིན་ཡོད་པ་རེད། གསར་འགོད་པས་ཡུལ་དངོས་སུ་མཐོང་གསལ། ཐད་འཕུར་གནམ་གྲུ་བསྟུད་མར་བབས་ཏེ་ཅིན་དབྱིན་གསོལ་མགྲོན་ཁང་དང་ཐེན་ཞང་བྱེད་སྒོའི་ལྟེ་གནས་རྒྱུད་དུ་ལུས་པའི་དམངས་ཚོགས་སྐྱེལ་འདྲེན་བྱས་ཡོད་པ་རེད། འཇིགས་སྐྲག་ལས་ཐར་བའི་ཡུལ་སྐོར་བས་བཅར་འདྲི་དང་ལེན་བྱེད་སྐབས་ཚང་མས་དཀའ་ངལ་ལས་སྒྲོལ་ཐུབ་པ་ནི་བསོད་བདེ་ཧ་ཅང་ཆེན་པོ་ཡིན་པས། འཚོལ་སྐྱོབ་མི་སྣར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ཉིན་དེའི་སྔ་དྲོར།ཐའེ་དབན་འགྲིམ་འགྲུལ་ཚན་པས་ཞིབ་བཤེར་གཏན་འཁེལ་བྱས་རྗེས་ཐའེ་དབན་གྱི་ལམ་ཐིག་8པའི་ཐེན་ཞང་ནུབ་ལམ་གྱི་ལམ་སླར་ཡང་ཤར་གཏོང་བྱས་པ་དང་དུས་མཚམས་གསུམ་ལ་དབྱེ་ནས་རླངས་འཁོར་ཆུང་གྲས་བསྐྱོད་ཆོག་པ་བཟོས་ཡོད། ཆུ་ཚོད་15བར་རླངས་འཁོར་40ཙམ་དང་མི་གྲངས་260ཙམ་ནུབ་ཕྱོགས་སུ་ཕྱིར་འཐེན་བྱས་ཡོད། ཐའེ་དབན་དབང་འཛིན་ལས་ཁུངས་ཀྱི་གནོད་འཚེ་འགྱུར་ལྡོག་ལྟེ་གནས་ཀྱིས་དཀའ་གནས་སུ་གྱར་བའི་མི་སྣའི་གསལ་བཤད་དེ་ཉར་འཇོག་མི་སྣར་ལེགས་སྒྲིག་བྱས་པ་དེའི་ཐོག་ནས་དཀའ་གནས་སུ་གྱར་བའི་མི་སྣ་གཅིག་སྡུད་ཀྱི་ས་ཁོངས་དེ་ཁེར་རྐྱང་དུ་གནས་པ་ཞིག་མིན་པ་མཚོན་ཡོད།
ཤིའུ་ལིན་ཤང་ཕུའུ་ཧྲི་གྲོང་ཚོར་གནས་པའི་ཤིས་པའོ་སློབ་ཆུང་ནི་སྔར་བཞིན་འགྲིམ་འགྲུལ་ཆད་པའི་གནས་སུ་གྱར་ཡོད། སློབ་གྲྭ་དེར་དགེ་རྒན་15དང་སློབ་མ་45ཡོད་ཅིང་། དགེ་སློབ་ཚང་མ་བདེ་མ་ཐང་མ་ཡིན་པ་རེད། ཧྭ་ལེན་རྫོང་གིས་གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ཐད་འཕུར་གནམ་གྲུའི་ཐོག་ནས་དངོས་རྫས་དབྱུག་རྒྱུ་བཀོད་སྒྲིག་བྱས་ནས་ཁོང་ཚོའི་དངོས་ཟོག་གི་དགོས་མཁོ་སྐོང་ཐུབ་པ་བྱར་རྒྱུ་ཡིན་པ་རེད།
ཚེས་3ཉིན།ས་ཡོམ་དྲག་པོ་བརྒྱབ་རྗེས། ཐའེ་དབན་དུ་ཆུ་ཆད་པའི་དུད་ཚང་ཁྲི་12.2ལས་བརྒལ་ཡོད། ཛ་དྲག་ངང་མྱུར་བཟོ་དང་ས་ཁོངས་སྒྲོལ་ནས་རོགས་སྐྱོར་བྱས་པ་བརྒྱུད། ཧྭ་ལེན་ཧྥུའུ་ཧྲི་གཙང་པོའི་ཆུ་ལེན་ཁང་གི་ཆུ་ལེན་སར་རི་ཉིལ་བ་དང་དེ་བཞིན་དེ་སྔའི་ཆུ་སྦུག་ས་རྡོའི་འོག་ཏུ་ཚུད་པ་དང་། ཧྭ་ལེན་རྫོང་ཤིའུ་ལིང་ཤང་གི་ཧྥུའུ་ཧྲི་དང་། ཧོ་ཕིང་། ཁྲུང་ཏེ་སོགས་གྲོང་ཚོར་གཞུང་ལམ་ཆད་ནས་མྱུར་བཟོ་བྱེད་དཀའ་བར་གྱུར་པ་ཕུད་དེ་བྱིངས་ཀྱི་ས་ཁུལ་ཚང་མར་ཆུ་ཤར་གཏོང་ཐུབ་ཡོད། ཐའེ་ཝན་རང་འབབ་ཆུ་ཀ་ལ་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་6ཉིན་གྱི་ཉིན་དགུང་བར་ཐའེ་ཝན་ཡོངས་ཀྱི་དུད་ཚང་160ལ་ཆུ་མེད་པ་རེད།
ཚེས་6ཉིན་གྱི་ཆུ་ཚོད་18ཙམ་བར།ཚེས་3ཉིན་ཐའེ་དབན་ཧྭ་ལེན་རྫོང་གི་མཚོ་ཁོངས་སུ་ས་ཡོམ་རིམ་པ་7.3བརྒྱབ་པས་མི་13རྐྱེན་ལམ་དུ་ཤོར་བ་དང་།མི་1147ལ་རྨས་སྐྱོན་ཕོག་པ།མི་6དང་འབྲེལ་བ་ཆད་ཡོད། གསར་འགོད་པས་ཧྭ་ལེན་གྲོང་ཁུལ་དུ་ཞི་བདེ་རྒྱ་མཚོ་ཆེན་མོའི་ངོགས་ཀྱི་ཧྭ་ལེན་གྲོང་ཁྱེར་གྱི་པུར་ཁང་གིས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣའི་མཉམ་འབྲེལ་གདུང་ཁང་བསྐྲུན་པ་མཐོང་བྱུང་།གྲོང་མི་མང་པོ་ཞིག་གིས་ཚེས་6ཉིན་གྱི་ཞོགས་པ་སྔ་པོ་ནས་མྱ་ངན་ཞུས་པར་བསྐྱོད་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社