分享按钮

ཚན་པ་ཁག་གིས་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་ཕྱིར་ལོག་འགྲུལ་པ་མང་བའི་དུས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་པ།

ཟླ་4ཚེས་6ཉིན་ནི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་མོ་མཐའ་མ་དེ་ཡིན་པས་ཕྱིར་ལོག་འགྲུལ་པ་མང་བའི་དུས་སུ་སླེབས་ཡོད། པར་འདི་ནི་ཉིན་དེར་འགྲུལ་པ་རྣམས་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གི་མེ་འཁོར་འབབ་ཚུགས་ནས་ཐོན་བཞིན་པའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ།ཚེས་6ཉིན།དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་མོ་མཐའ་མ་དེར་ཚན་པ་ཁག་གིས་འགྲོ་སྐྱོད་ཞབས་ཞུ་དང་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགྲུལ་པ་ཕྱིར་ལོག་བྱེད་མཁན་མང་བའི་དུས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་ཡོད།

ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་གྲངས་གཞི་ལས་མངོན་པར། ཟླ་4ཚེས་6ཉིན།རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1790སྐྱེལ་འདྲེན་བྱས་ནས་འགྲུལ་སྐྱེལ་མེ་འཁོར་1163མང་དུ་བཏང་ཡོད། ཟླ་4ཚེས་5ཉིན།རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་1330.7སྐྱེལ་འདྲེན་བྱས་པ་དང་སྐྱེལ་འདྲེན་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་བྱུང་ཡོད་པ་རེད།

འགྲུལ་པ་ཕྱིར་ལོག་གི་དགོས་མཁོ་སྐོང་ཆེད། རྒྱལ་ཁབ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཀུང་སིའི་ཧྲང་ཧའེ་འགྲུལ་སྐྱེལ་ས་ཚིགས་ཀྱིས་རྒན་རྒོན་དང་བྱིས་པ་ཡིན་པའི་འགྲུལ་པར་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་ནས་བར་བརྒྱུད་མེ་འཁོར་བརྗེ་རྒྱུར་གཞོགས་འདེགས་བྱས་ཏེ།འགྲུལ་པ་བྱིས་པར་སྤྲོ་སྣང་འཕེལ་བར་བྱེད་པའི་ཚོན་ཁྲ་ཅན་གྱི་བྱང་བུ་གྲ་སྒྲིག་བྱས་ནས་ཡུལ་སྐོར་གྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད་པ་དང་། རྒྱལ་ཁབ་ལྕགས་ལམ་ཝུའུ་ཧན་ཅུས་ཚོགས་པ་ཀུང་སིས་ཧན་དབྱི་ལྕགས་ལམ་དང་། ཧན་ཧྲི་མྱུར་བགྲོད་ལྕགས་ལམ། པེ་ཅིང་ནས་ཀོང་ཏུང་བར་གྱི་མྱུར་བགྲོད་ལྕགས་ལམ་བཅས་སུ་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་བ་དང་།ས་གནས་ཀྱི་གྲོང་དོན་འགྲིམ་འགྲུལ་ཚན་པ་དང་མེ་འཁོར་འཁོར་སྐྱོད་གནས་ཚུལ་གྱི་ཆ་འཕྲིན་མཉམ་སྤྱོད་བྱས་ནས་སྤྱི་སྤྱོད་རླངས་འཁོར་དང་བོགས་གཏོང་རླངས་འཁོར་གྱི་སྐྱེལ་འདྲེན་ལ་མཐུན་སྦྱོར་བྱས་ཏེ་འགྲུལ་པ་འགྲོ་སྐྱོད་ཀྱི་མཐའ་མའི་འགག་གནད་ཤར་གཏོང་ཐུབ་པར་བྱས་ཡོད། རྒྱལ་ཁབ་ལྕགས་ལམ་ཝུའུ་ལུའུ་མུའུ་ཆི་ཅུས་ཚོགས་པ་ཀུང་སིས་འགྲུལ་སྐྱེལ་མེ་འཁོར་ཐོག་ཐུག་པ་སོགས་ཤིན་ཅང་གི་ཁྱད་ལྡན་བཟའ་བཅའ་མཁོ་འདོན་བྱས་ནས་འགྲུལ་པ་མེ་འཁོར་ནང་བསྡད་དེ་མཛེས་ལྗོངས་དང་ཞིམ་ཟས་ལ་མྱོང་རོལ་གང་ལེགས་ཐུབ་པར་བྱས་ཡོད།

གློག་ཤུགས་དང་དམངས་སྤྱོད་མཁའ་འགྲུལ་ཐད།ངལ་གསོའི་རིང་གློག་དྲ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱ་ཆེད། ལྷོ་ཕྱོགས་གློག་དྲ་ཀུའེ་དབྱང་གློག་མཁོ་འདོན་ཅུས་ཀྱིས་མེ་རི་འགོག་པའི་ལས་ཀའི་ཇུས་གཞི་བཟོས་ནས་སྐོར་གཡེང་རུ་ཁག་11སྒྲིག་འཛུགས་བྱས་ཏེ་ལམ་ཐིག་གཙོ་བོའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་སྤེལ་བ་དང་ཆབས་ཅིག་ཀུའེ་དབྱང་མེ་འཁོར་འབབ་ཚུགས་དང་། འགྲུལ་སྐྱེལ་ས་ཚིགས། གནམ་ཐང་སོགས་འགྲིམ་འགྲུལ་ལྟེ་བའི་ཁུལ་ལ་ཆེད་དོན་བདེ་འཇགས་ཀྱི་ཞིབ་བཤེར་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གློག་སྤྱོད་བདེ་འཇགས་ལ་འགན་ལེན་བྱས་པ་དང་། རྒྱལ་ཁབ་གློག་དྲ་ཧྲན་ཏུང་ཆིང་ཡུན་རྫོང་གི་གློག་མཁོ་འདོན་ཀུང་སིས་སྐྱེལ་འདྲེན་དང་སྲུང་སྐྱོང་མི་སྣ་སྒྲིག་འཛུགས་བྱས་ཏེ།མྱུར་བགྲོད་གཞུང་ལམ་གྱི་གློག་གསོག་ཡོ་ཆས་དང་དེ་བཞིན་སྤྱི་སྤྱོད་རླངས་འཁོར་གྱི་གློག་གསོག་ས་ཚིགས་ཀྱི་སྒྲིག་ཆས་ལ་སྐོར་ཞིབ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྐོར་གཡེང་ཞིབ་བཤེར་བྱེད་ཚད་མང་དུ་བཏང་ཐོག་འགྲུལ་པའི་འགྲོ་སྐྱོད་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཡོད། དུས་ཐུང་གི་ངལ་གསོའི་རིང་འགྲུལ་པ་མང་བའི་གནས་ཚུལ་ལ་དམིགས་ནས་ཧོ་ཧྥེ་གནམ་ཐང་གིས་ལས་རེས་གནམ་གྲུ་དང་བདེ་འཇགས་ཞིབ་བཤེར་བགྲོད་ལམ་མང་དུ་བཏང་བ་དང་། ཚོགས་པའི་འགྲུལ་པ་དང་ཕྱི་པོར་སླེབས་མཁན་གྱི་འགྲུལ་པར་ཁྲིད་སྟོན་དང་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ལྷག་པར་དུ་གནམ་གྲུར་ཐེངས་དང་པོ་སྡོད་མཁན་གྱི་འགྲུལ་པར་མཛུབ་ཁྲིད་བྱས་ནས་འགྲུལ་པ་བདེ་བླག་ངང་འགྲོ་སྐྱོད་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད་པ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-08 6 6 拉萨日报藏文 c178932.html 1 ཚན་པ་ཁག་གིས་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་ཕྱིར་ལོག་འགྲུལ་པ་མང་བའི་དུས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་པ། /enpproperty-->