(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་གིས་ན་ནིང་ཟླ་11པར་ང་དང་སྐུ་ཞབས་སྲིད་འཛིན་ཅིའུ་ཅིན་ཧྲན་དུ་མཇལ་འཕྲད་བྱུང་ནས་འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཅིའུ་ཅིན་ཧྲན་གྱི་ཕུགས་འདུན་བཏོད་ཡོད། ཟླ་ཤས་རིང་ཕྱོགས་གཉིས་པོའི་ཚོགས་པས་ང་ཚོའི་དབར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་པས།ཀྲུང་ཨའི་འབྲེལ་བ་བརྟན་པོའི་རྣམ་པ་ཐོན་ནས་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་འགལ་རྐྱེན་ཡང་མང་དུ་ཕྱིན་ཡོད་པས་ཕྱོགས་གཉིས་པོས་མཐོང་ཆེན་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་འཐབ་ཇུས་ཀྱི་ངོས་འཛིན་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཨའི་འབྲེལ་བས་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་འགག་གཙོ་བོ་དེ་རེད། ཀྲུང་གོ་དང་ཨ་རི་ལྟ་བུའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་འགྲོ་འོང་དང་འབྲེལ་གཏུགས་མི་བྱེད་ཐབས་མེད་ཡིན་ལ། གདོང་གཏུགས་དང་འགྲན་རྒོལ་དེ་བས་ཀྱང་བྱེད་མི་རུང་བར། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་ཁེ་བཅས་བྱས་ཏེ་མུ་མཐུད་དེ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་བགྲོད་ལམ་དེད་ནས་མདུན་དུ་བསྐྱོད་དགོས་པ་ལས། དེ་སྔའི་ལམ་དུ་སྐྱོད་མི་རུང་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས་འདི་ལོའི་ཀྲུང་ཨའི་འབྲེལ་བའི་ཐད་རྩ་དོན་ཆེན་པོ་འགའ་ཞིག་མཐའ་འཁྱོངས་བྱེད་དགོས་པ་སྟེ། གཅིག་ནས་འཆམ་མཐུན་མཆོག་ཏུ་བརྩི་བ་དང་། ཁ་གཏད་དུ་མི་ལངས་པ་དང་འགལ་ཟླ་མི་ཡོང་བའི་མཐའ་ཚད་བརྟན་སྲུང་བྱས་ཏེ་ཀྲུང་ཨའི་འབྲེལ་བར་དྲང་ཕྱོགས་ཀྱི་སྔོན་དཔག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཉིས་ནས་བརྟན་པོ་གཙོ་བོར་བཟུང་སྟེ་དཀའ་ངལ་མི་བཟོ་བ་དང་། རྙོག་དྲ་མི་བཟོ་བ། ས་མཚམས་ལས་མི་བརྒལ་བ་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་དགོས། གསུམ་ནས་ཡིད་ཆེས་རྩ་བར་འཛིན་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་སོ་སོའི་ཁས་ལེན་མངོན་འགྱུར་ཡོང་བར་བྱས་ཏེ་ཅིའུ་ཅིན་ཧྲན་གྱི་ཕུགས་འདུན་དེ་དོན་དངོས་སུ་བསྒྱུར་བར་བྱ་རྒྱུ་བཅས་རེད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པའི་བྱ་ཐབས་ཐོག་ནས་སྐད་ཆ་ཤོད་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་འགལ་ཟླར་དོ་དམ་དང་ཚོད་འཛིན་བྱེད་པ།གཉིས་ཕན་གྱི་སྙིང་སྟོབས་ཐོག་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ། འགན་འཁྲི་འཁུར་སེམས་བཅངས་ནས་རྒྱལ་སྤྱིའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས་ཐའེ་དབན་གྱི་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ཐད་ཀྱི་བརྒལ་ཐབས་མེད་པའི་དམར་ཐིག་དང་པོ་དེ་ཡིན་ཞིང་། ཐའེ་དབན་རང་བཙན་གྱི་སྟོབས་ཤུགས་ཀྱིས་ཁ་ཕྲལ་བའི་བྱ་སྤྱོད་སྤེལ་བ་དང་ཕྱི་ཕྱོགས་ནས་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ངོ་ཚོས་རྒྱ་ཡན་དུ་གཏོང་མི་སྲིད། ཨ་རི་ཕྱོགས་ཀྱིས་སྐུ་ཞབས་སྲིད་འཛིན་གྱིས་ཐའེ་དབན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་རྣམ་འགྱུར་དེ་བྱ་སྤྱོད་ཐོག་དོན་འཁྱོལ་བྱ་རྒྱུའི་རེ་བ་ཡོད། ཨ་རིས་ཀྲུང་གོའི་དཔལ་འབྱོར་ཚོང་དོན་ཚན་རྩལ་ལ་བརྟེན་ནས་གནོན་ཤུགས་སྤྲོད་པའི་བྱ་ཐབས་ཟམ་མི་ཆད་པར་ཐོན་པ་དང་ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱེད་པའི་རྩིས་ཐོ་ཇེ་མཐོར་འགྲོ་བཞིན་ཡོད། དེ་ནི་ཉེན་ཁ་སེལ་བ་ཞིག་མིན་པར་ཉེན་ཁ་བཟོ་བ་ཞིག་རེད། གལ་ཏེ་ཨ་རི་ཕྱོགས་ཀྱིས་གཉིས་ཁེ་མཉམ་ལས་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་འདོད་ཡོད་ཚེ་ཀྲུང་གོ་ཕྱོགས་ཀྱི་སྒོ་མོ་ཐོག་མཐའ་བར་གསུམ་དུ་ཕྱེ་ཡོད། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཚན་རྩལ་མཐོ་བའི་འཕེལ་རྒྱས་ལ་ཨུ་ཚུཊ་ངང་རྡུང་རྡེག་བཏང་བ་དང་།ཀྲུང་གོའི་ལུགས་མཐུན་འཕེལ་རྒྱས་ཀྱི་དབང་ཆ་བཙན་འཕྲོག་བྱས་ཚེ།ང་ཚོས་ཀྱང་སྣང་མེད་དུ་འཇོག་མི་སྲིད་ཅེས་ནན་གསུངས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས་ཤང་ཀང་དང་། འགྲོ་བ་མིའི་ཐོབ་ཐང་། ལྷོ་རྒྱ་མཚོ་སོགས་ཀྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱས་བཤད་གནང་བ་རེད།
པའེ་ཏེང་གིས་ཨ་ཀྲུང་འབྲེལ་བ་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ཆེས་གཏིང་ཟབ་པའི་ཕྱོགས་གཉིས་པོའི་འབྲེལ་བ་ཞིག་རེད། ཅིའུ་ཅིན་ཧྲན་དུ་མཇལ་འཕྲད་བྱས་པ་ནས་བཟུང་།ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བར་འཕེལ་རྒྱས་བྱུང་བ་དེའི་ཐོག་ནས་ཕྱོགས་གཉིས་པོས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་ཆོག་པ་དང་།དུས་མཚུངས་མི་མཐུན་པའི་ཆར་དོ་དམ་བྱེད་འགན་འཁུར་ཆོག་གི་ཡོད་པ་གསལ་བཤད་བྱས་ཡོད།ཨ་རི་ཕྱོགས་ཀྱིས་འཇམ་འཐབ་གསར་པ་འཚོལ་ཞིབ་མི་བྱེད་པ་དང་། ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་ཐབས་མི་བྱེད་པ། མནའ་མཐུན་གྱི་འབྲེལ་བར་བརྟེན་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པ། ཐའེ་དབན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་དང་གདོང་ཐུག་ཐོན་འདོད་མེད་པ་བཅས་བསྐྱར་བསྒྲགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་དུ་བསྟར་ཡོད། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་ལ་ཕན་པ་ཞིག་ཡིན་པས་ཨ་རིས་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱ་རྒྱུའི་རེ་བ་མི་བྱེད་པ་དང་ཀྲུང་གོ་དང་འབྲེལ་བ་གཅོད་རྒྱུའི་རེ་བ་བྱེད་ཀྱི་མེད། ཉེ་ཆར་ནོར་སྲིད་པུའུ་ཀྲང་ཡེ་ལུན་དང་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་ཀྲུང་གོར་འཚམས་འདྲི་བྱ་རྒྱུར་བཀོད་སྒྲིག་བྱས་ནས་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་དང་འབྲེལ་གཏུགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནོར་འཁྲུལ་མི་ཤོར་བ་དང་།མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་སོགས་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་ཐེངས་ཀྱི་ཁ་པར་ནི་བློ་དཀར་སེམས་དཀར་དང་དགེ་མཚན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད། ཕྱོགས་གཉིས་པོས་འབྲེལ་གཏུགས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་ལས་དོན་ཚོགས་པར་ཅིའུ་ཅིན་ཧྲན་གྱི་འདུན་པ་དོན་འཁྱོལ་ཡག་པོ་བྱས་ཏེ་ཕྱི་འབྲེལ་དང་།དཔལ་འབྱོར། དངུལ་རྩ། ཚོང་དོན་སོགས་ཁྱབ་ཁོངས་ཀྱི་གྲོས་མོལ་ལམ་སྲོལ་དང་དེ་བཞིན་དམག་དཔུང་གཉིས་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། དུག་འགོག་དང་། མི་ཐབས་རིག་ནུས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་སུ་སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེར་བཏང་སྟེ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུགས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ནོར་སྲིད་པུའུ་ཀྲང་ཡེ་ལུན་དང་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社