分享按钮

སྔོ་འགྱུར་བཅོས་སྒྲིག་ཡག་པོ་མ་བྱུང་བ་དང་འཕྲུལ་སྒུལ་འཁོར་རིགས་ཀྱིས་ལོང་བའི་འགྲོ་ལམ་ཧམ་བཟུང་བྱས་པ།

རང་རྟོགས་ངང་ཚུལ་མིན་གྱི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གསར་འགོད་པ་ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་དང་ཁྲེང་ཀོན་ཆུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གི་ལས་དོན་མི་སྣ་དང་མཉམ་དུ་བདུད་རྩི་ཁང་ཆེན་དང་། གྲོང་ཁྱེར་དོ་དམ་ཅུས་ཀྱི་ནུབ་ངོས། གྲྭ་བཞི་གྲོང་གསར་ཁྲོམ་གཞུང་རྒྱབ་ཕྱོགས་ཀྱི་སྲང་ལམ་སོགས་སུ་སྐྱོད་སྐབས། ས་ཁུལ་དེ་དག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྔོ་འགྱུར་བཅོས་སྒྲིག་ཡག་པོ་མ་བྱུང་བ་དང་། འཁོར་རིགས་འཇོག་སྟངས་གྲལ་འགྲིག་པོ་མེད་པ། འཕྲུལ་སྒུལ་འཁོར་རིགས་ཀྱིས་ལོང་བའི་འགྲོ་ལམ་ཧམ་བཟུང་བྱས་པ། ས་ཆ་ཁག་ཅིག་གིས་དུས་ཐོག་ཏུ་གད་སྙིགས་གཙང་སེལ་བྱས་མེད་པ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་།

བདུད་རྩི་ཁང་ཆེན་གྱི་རླངས་འཁོར་འཇོག་སའི་གཡས་ཕྱོགས་སུ་ཡོད་པའི་གསོམ་སྡོང་གཉིས་ལ་ཡལ་བཞུར་རྒྱག་པའི་གནས་ཚུལ་ཐོན་ཡོད་པ་དང་། ཡལ་བཞུར་རྒྱག་སྟངས་དེས་མཛེས་ལྗོངས་ལ་གཏོར་བཤིག་བཏང་བར་མ་ཟད། གསོམ་ཤིང་རྒྱུན་གཏན་ལྟར་སྐྱེ་འཚར་ཡོང་བ་དང་འབྱུང་ཁམས་ཀྱི་ཕན་འབྲས་ཐོན་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་ཡོད། ཐོག་ཁང་ཆེན་པོ་དེའི་མདུན་དུ་ཡོད་པའི་རླངས་འཁོར་འཇོག་ཡུལ་དུ་གསོམ་སྡོང་ཞིག་གསེག་སློག་ནས་སྐྱེས་ཡོད་པས་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གནས་ཡོད་ལ་གསོམ་ཤིང་དེའི་སྐྱེ་འཚར་ལའང་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་རེད། གནས་ཚུལ་དེར་དམིགས་ནས་དེ་སྔོན་ཆེད་བསྐོས་ལས་དོན་མི་སྣས་འབྲེལ་ཡོད་འགན་ནུས་ཚན་པ་དང་འབྲེལ་མཐུད་ཐེངས་མང་བྱས་མོད། འོན་ཀྱང་གནད་དོན་ད་དུང་ཐག་གཅོད་ཐུབ་མེད་པ་རེད། གྲོང་ཁྱེར་དོ་དམ་ཅུས་ཀྱི་ནུབ་ཕྱོགས་ཀྱི་སྲང་ལམ་དུ་སླེབས་སྐབས། གཞུང་ལམ་ཕལ་པའི་ཐོག་གི་ཤིང་སྐམ་གཙང་སེལ་བྱས་མེད་པ་དང་། ལྗོན་ཤིང་བཙུགས་མེད་པ། ཆུ་བརྒྱབ་མེད་པར་མ་ཟད། གྲོང་ཁྱེར་གྱི་རྣམ་པར་ཡང་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད་པ་སོགས་ཤེས་རྟོགས་བྱུང་བ་རེད།

བཀྲ་ཤིས་གྲོང་གསར་ལམ(གསེར་ཟམ་གསོལ་མགྲོན་ཁང་གི་བྱང་ཕྱོགས་ཀྱི་སྲང་ལམ་ཆུང་ངུ)དུ། ལྗོན་ཤིང་21ལ་ཡལ་བཞུར་ཡག་པོ་བརྒྱབ་མེད་པ་དང་། ཚད་དང་མི་མཐུན་པའི་ཡལ་བཞུར་རྒྱག་སྟངས་དེས་ལྗོན་ཤིང་ལ་གནོད་འཚེ་ཆེན་པོ་བཟོས་པ་དང་། གྲོང་ཁྱེར་གྱི་སྔོ་འགྱུར་མཛེས་ལྗོངས་དང་མཁའ་རླུང་གཙང་སེལ་སོགས་ཀྱི་ཕན་འབྲས་ལ་ཡང་ཤུཊ་རྐྱེན་ངན་པ་ཐེབས་ཀྱི་ཡོད་པར་མ་ཟད། ད་དུང་ལྗོན་ཤིང་གི་སྐྱེ་འཚར་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ནས་ལྗོན་ཤིང་སྐམ་འགྲོ་བའི་ཉེན་ཁ་ཆེན་པོ་བཟོས་ཡོད།

བརྟག་ཞིབ་བྱེད་པའི་བརྒྱུད་རིམ་ནང་། ད་དུང་བདུད་རྩི་ཁང་ཆེན་གྱི་རྒྱབ་ཏུ་གད་སྙིགས་དང་དངོས་ཟོག་མང་པོ་མཉམ་དུ་སྤུངས་ནས་བཞག་ཡོད་པས་མཛེས་ལྗོངས་ལ་ཤུགས་རྐྱེན་ངན་པ་བཟོ་ཡི་ཡོད་པ་དང་། གླིང་ལྔ་སྨན་ཁང་གི་མདུན་གྱི་སྲང་ལམ་དང་། གྲྭ་བཞི་གྲོང་གསར་ཚོགས་ཆུང་བཅུ་གཉིས་པའི་ཉེ་འགྲམ་གྱི་ཇ་ཁང་གི་སྒོ་འགྲམ་དུ་གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱས་མེད་པས་དྲི་མ་ངན་པ་འཐུལ་བ། འདམ་ར་ལམ་དང་། ཉང་བྲན་ལམ། སེ་ར་ལམ་བཅས་སུ་སྔར་བཞིན་གློག་སྒུལ་འཁོར་རིགས་འཇོག་སྟངས་ཡག་པོ་མེད་པ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱིས་ལོང་བའི་འགྲོ་ལམ་ཧམ་བཟུང་བྱས་པ། འཕྲུལ་སྒུལ་འཁོར་རིགས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ལམ་དུ་བཞག་པ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཡོད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-04-04 སྔོ་འགྱུར་བཅོས་སྒྲིག་ཡག་པོ་མ་བྱུང་བ་དང་འཕྲུལ་སྒུལ་འཁོར་རིགས་ཀྱིས་ལོང་བའི་འགྲོ་ལམ་ཧམ་བཟུང་བྱས་པ། 6 6 拉萨日报藏文 c178684.html 1 རང་རྟོགས་ངང་ཚུལ་མིན་གྱི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས། /enpproperty-->