ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྡེ་ཁུལ་གྱི་རིག་གནས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།སྡེ་ཁུལ་གྱི་གྲོང་མིའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ། ཡ་རབས་དང་ཞི་མཐུན་གྱི་སྡེ་ཁུལ་དང་ཁྱིམ་མཚེས་ཀྱི་རྣམ་པ་གཏོད་པ་བཅས་བྱ་ཆེད།ཉེ་ཆར།ནོར་སྟོད་སྡེ་ཁུལ་གྱིས་ཞོལ་པ་ལྷ་མོ་ཚོགས་པ་དང་མཉམ་འབྲེལ་བྱས་ནས་ནོར་སྡོད་ཁམས་བཟང་སྡེ་ཁུལ་དུ་ཟློས་གར་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་དང་མང་ཚོགས་200ལྷག་ཙམ་གྱིས་ལེ་ཚན་ལ་བལྟས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དགའ་སྤྲོའི་རོལ་དབྱངས་གྲགས་པ་དང་ཆབས་ཅིག་ཡུལ་མི་ཚོ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་ཞིང་། ཡུལ་དངོས་སུ་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་རྣམ་པ་གསར་རྐྱང་གི་རིག་རྩལ་ལེ་ཚན་ཞིག་འཁྲབ་སྟོན་བྱས་ཡོད། སྲོལ་རྒྱུན་གྱི་སྟོད་གཞས《དཔལ་འབྱོར་དང་སྒྲོལ་མ》ཞེས་པ་དང་། ཕོ་མོའི་མཉམ་གཞས་ཞབས་བྲོ《གམ་པ་ལ་མོ》ཞེས་པ། འཁྲབ་ཚན་ཐུང་གྲས《ལས་གཏོད》དེ་བཞིན་ནོར་སྟོད་སྡེ་ཁུལ་གྱི་རྒན་རྒོན་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་བྱས་པའི《ཏང་ལ་ཕུལ་བའི་བསྟོད་གླུ》སོགས་ལེ་ཚན་འཁྲབ་སྟོན་བྱས་པས་ལྟད་མོ་བའི་བསྔགས་བརྗོད་ཚད་མེད་ཐོབ་པར་མ་ཟད། འཁྲབ་སྟོན་གྱི་ནང་དོན་ལས་ལྟད་མོ་བར་སེམས་འགུལ་ཆེན་པོ་ཐེབས་ཡོད།
ཁམས་བཟང་སྡེ་ཁུལ་དུ་བཞུགས་པའི་ཁྱིམ་བདག་མཚོ་མོས་རང་ཁྱིམ་གྱི་སྒོ་འགྲམ་ནས་ཟློས་གར་གྱི་འཁྲབ་སྟོན་ལ་ལྟ་བའི་གོ་སྐབས་བྱུང་བས་སེམས་ནང་ཧ་ཅང་དགའ་པོ་འདུག་ལ་འཁྲབ་སྟོན་ཡང་ལྟད་མོ་ཧ་ཅང་ཆེན་པོ་འདུག ལྷག་པར་དུ་སྲོལ་རྒྱུན་གྱི་གླུ་གཞས《སྟོད་གཞས》ལས་ང་ཚོ་རྒན་རྒོན་ཚོར་མིག་གི་ལོངས་སྤྱོད་ཆེན་པོ་ཐོབ་བྱུང་། སྡེ་ཁུལ་གྱིས་སླད་ཕྱིན་འཁྲབ་སྟོན་དེ་རིགས་སྔར་བས་མང་བ་སྒྲིག་འཛུགས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
ད་ཐེངས་ལྷ་ས་གྲོང་ཁྱེར་གྱིས་ཟློས་གར་རིག་རྩལ་འཁྲབ་སྟོན་གྲོང་གསེབ་ཏུ་སྤེལ་བ་བརྒྱུད།མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཕུལ་བྱུང་གི་རིག་གནས་མང་ཚོགས་ཀྱི་སྒོ་འགྲམ་དུ་འཁྲབ་སྟོན་བྱས་ཏེ་ཚང་མར་དགའ་སྤྲོའི་དཔལ་ལ་རོལ་བ་དང་ཆབས་ཅིག་གནའ་བོའི་ཟློས་གར་སྒྱུ་རྩལ་ལ་སྐྱེ་སྟོབས་གསར་པ་ཞིག་ཀྱང་འཕེལ་ཡོད།
སྡེ་ཁུལ་གྱི་ལས་དོན་པ་ཉི་དཔལ་ལགས་ཀྱིས་ཕྱིས་འབྱུང་ང་ཚོས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་བསམ་པའི་རིག་གནས་ཀྱི་དགོས་མཁོར་མུ་མཐུད་སྣང་ཆེན་བྱས་ཏེ་རིག་གནས་དམངས་ཕན་སྲིད་ཇུས་དམངས་ཀྱི་སེམས་ལ་ཟུག་པ་དང་། མང་ཚོགས་ཀྱི་བདེ་སྣང་གོང་མཐོར་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མཐའ་མའི་འགག་གནད་སྒྲོལ་ཐུབ་པ་བཅས་བྱས་ནས་རིག་གནས་དམངས་ཕན་འདུ་འགོད་དེ་མང་ཚོགས་བློ་ཡིད་ཚིམ་པའི་དྲོ་སྐྱིད་ཀྱི་འདུ་འགོད་ཅིག་ཏུ་ཏན་ཏིག་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社