ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། མཐོ་སློབ་དང་ཚན་ཞིབ་སློབ་གླིང་གི་ཁེ་བེད་བདག་ཐོབ་གཞན་སྒྱུར་དཀའ་བ་དང་རྒྱ་ཆེའི་ཁེ་ལས་འབྲིང་ཆུང་ལ་ལག་རྩལ་ཐོབ་དཀའ་བའི་གནད་དོན་གཉིས་ཐག་གཅོད་ཏན་ཏིག་བྱས་ཏེ།ཁེ་བེད་བདག་ཐོབ་ཀྱི་ལག་རྩལ་ལ་བརྟེན་ནས་ཚན་རྩལ་དང་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་དེ་བས་མང་བ་སྐྱེད་སྲིང་བྱ་ཆེད། ཉིན་ཤས་གོང་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་སོགས་ཚན་པ་ལྔ་ཡིས་མཉམ་འབྲེལ་ཐོག་ཇུས་གཞི་པར་འགྲེམས་བྱས་ཡོད་པ་རེད།
གསར་འགོད་པས་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 《ཁེ་བེད་བདག་ཐོབ་ཐོན་ལས་ཅན་ལ་བརྟེན་ནས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་དང་ལག་བསྟར་ཇུས་གཞིའི》སྤྱིའི་བསམ་ཕྱོགས་ནི་གསར་གཏོད་ནུས་པ་ལྡན་པའི་ཚན་རྩལ་ཅན་གྱི་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་ཁ་ཕྱོགས་པ་དང་། ཡོངས་ཕན་ཞབས་ཞུ་དང་གཙོ་གནད་སྐྱེད་སྲིང་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ཁེ་བེད་བདག་ཐོབ་ཐོན་ལས་ཅན་ལ་བརྟེན་ནས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།
ཇུས་གཞིའི་ནང་བཏོན་དོན།2025ལོར་སླེབས་སྐབས་ཁེ་ལས་འབྲིང་ཆུང་གི་ཤེས་བྱའི་བདག་དབང་གི་འདུ་ཤེས་དང་ཁེ་བེད་བདག་ཐོབ་ཐོན་ལས་ཅན་གྱི་ནུས་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། དཔེ་སྟོན་ཁེ་ལས་གཙོ་གནད་ཐོག་སྐྱེད་སྲིང་བྱེད་པ་དང་འབྲེལ་དེའི་ཁྲོད་ནས་ཁེ་ལས་དང་རྣམ་གྲངས་རྐྱང་པའི་རྩེར་སོན་ཁེ་ལས་ཁག་གཅིག་གཏོད་རྒྱུ།ཆ་རྐྱེན་འཛོམས་པའི་ཁེ་ལས་བདེ་བླག་ངང་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་བཏང་ནས་ཁེ་བེད་བདག་ཐོབ་ཐོན་ལས་ཅན་གྱི་ཚན་རྩལ་དང་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཆགས་པར་བྱ་རྒྱུ། ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་པའི་ཁེ་བེད་བདག་ཐོབ་མང་འདུས་ཅན་གྱི་ཐོན་རྫས་ཁག་གཅིག་ཆགས་པར་བྱས་ནས་ཁེ་བེད་བདག་ཐོབ་ཐོན་ལས་ཅན་གྱིས་ཁེ་བེད་བདག་ཐོབ་ཀྱི་རིན་ཐང་མངོན་འགྱུར་དང་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་སོགས་ཐད་ཀྱི་ཕན་འབྲས་མངོན་པར་བྱ་རྒྱུ་ཡིན་པ་རེད།
རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཇུས་གཞིའི་ནང་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ནས་ཁེ་བེད་བདག་ཐོབ་ཀྱི་སྦྲེལ་ཐག་དེ་གསར་གཏོད་ཀྱི་སྦྲེལ་ཐག་དང་། ཐོན་ལས་ཀྱི་སྦྲེལ་ཐག ཤེས་ལྡན་པའི་ཞབས་ཞུའི་སྦྲེལ་ཐག་བཅས་དང་མཉམ་འདྲེས་བྱས་ཏེ་གསར་གཏོད་ཐོན་ཁུངས་ཀྱི་རྒྱུ་རྐྱེན་ནུས་ལྡན་ངང་འཁོར་སྐྱོད་དང་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ཐོག་ཁེ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རམ་འདེགས་བྱས་ཡོད།
གཞན་ཡང་ཇུས་གཞིའི་ནང་ད་དུང་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་ཐོན་རྫས་ཤེས་རྟོགས་ཐུབ་ཚད་ཆེ་རུ་གཏོང་རྒྱུ་དང་། སྤྱི་པའི་ཞབས་ཞུའི་ཕན་བདེའི་ཁྱབ་ཁྱོན་ཆེ་རུ་གཏོང་རྒྱུ། ཁེ་ལས་ཀྱིས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ཐོན་རྫས་སྤྱོད་རྒྱུར་ཁྲིད་སྟོན་བྱ་རྒྱུ་བཅས་ལ་དམིགས་ཡོད་པ་རེད། དེ་དང་ཆབས་ཅིག་གཙོ་གནད་ཐོན་ལས་ཀྱི་ཆེད་དོན་གྲངས་འཛིན་མཛོད་ཁག་གཅིག་བཙུགས་ནས་ཁེ་ལས་འབྲིང་ཆུང་གི་ཆ་འཕྲིན་བེད་སྤྱོད་ཀྱི་ཚད་གཞི་དང་མ་གནས་དམའ་རུ་གཏོང་རྒྱུ་ཡིན་པ་རེད། (བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社