分享按钮

ལི་ཆང་གིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ།ཟླ་3ཚེས་18ཉིན། རྒྱལ་ཡོངས་ཀྱི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་གྱི་ལས་དོན་ཚོགས་འདུ་ཧོ་ནན་ཞིང་ཆེན་ཤིན་ཤང་གྲོང་ཁྱེར་དུ་འཚོགས་ཤིང་།ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད།མཆན་བཀོད་མཛུབ་སྟོན་ནང་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་།ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པས།ཞིང་གསུམ་ལས་དོན་ཡག་པོ་སྒྲུབ་པ་དང་ལོ་ཧྲིལ་པོའི་འབྲུ་རིགས་དང་ཞིང་ལས་ལ་ལོ་ལེགས་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་།རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གཏན་འཁེལ་བྱེད་པ།འདུ་འགོད་ཁྲི་སྟོང་གི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ།གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས།རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོའི་ངང་མཁོ་སྤྲོད་བྱ་རྒྱུར་འགན་ལེན་དང་དམ་འཛིན་ཡག་པོ་བྱས་ཏེ་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་འགན་ལེན་བྱེད་དགོས།མིག་སྔར་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་བྲེལ་འཚུབ་ཆེ་བའི་དུས་སུ་སླེབས་ཡོད།ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔྱིད་རྨོད་ཀྱི་ལས་དོན་གྲ་སྒྲིག་ཡག་པོ་བྱས་ནས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལག་རྩལ་གྱི་མཛུབ་ཁྲིད་བྱེད་ཤུགས་ལ་ཤུགས་སྣོན་རྒྱག་པ།འབྲུ་རིགས་ཀྱི་འདེབས་ཁྱོན་བརྟན་པོ་ཡོང་བར་བྱེད་པ།ཞིང་ལས་རྒྱུ་ཆའི་ཐོན་སྐྱེད་མཁོ་སྤྲོད་ལ་འགན་ལེན་བྱེད་པ།ཞིང་ལས་ཀྱི་གེགས་འགོག་གེགས་སེལ་ལ་དམ་འཛིན་ཡག་པོ་བྱེད་པ།ལོ་ཧྲིལ་པོའི་ལོ་ལེགས་ཡོང་རྒྱུའི་རང་འགུལ་དབང་ཆ་ཧུར་ཐག་ཐོབ་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་བསྟན་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།ཁོང་གིས་ནན་གསུངས་གནང་དོན།ཞིང་གསུམ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ།ཀྲུང་དབྱང་གི་ཡིག་ཨང་དང་པོའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་ལྟར་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་དང་།ཞིང་ལས་ཀྱི་དུས་སུ་དཔྱིད་ཀྱི་ཞིང་ཁ་བདག་གཉེར་ཡག་པོ་བྱེད་པ་དང་། དཔྱིད་རྨོད་དཔྱིད་གྲབས་ཀྱི་ཞབས་ཞུར་ཤུགས་སྣོན་རྒྱག་པ།འབྲུ་སྣུམ་དཔྱིད་འདེབས་རྒྱ་ཁྱོན་དོན་འཁྱོལ་བྱས་ནས་ཤ་ཚལ་སྒོང་གསུམ་གྱི་ཐོན་རྫས་བརྟན་པོའི་ངང་མཁོ་སྤྲོད་བྱ་རྒྱུར་འགན་ལེན་ཡག་པོ་བཅས་བྱེད་དགོས་པ།འབྲུ་སྣུམ་སྐྱེ་དངོས་ཀྱི་མུའུ་རེའི་ཐོན་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།ལག་རྩལ་ཁྱབ་གདལ་དང་མཐུན་སྦྱོར་གསར་གཏོད་ལ་ཤུགས་སྣོན་རྒྱག་པ།དམིགས་སའི་རང་བཞིན་གྱི་མཛུབ་ཁྲིད་ཞབས་ཞུ་སྤེལ་བ་བཅས་བྱེད་དགོས་པ།ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་།དོ་དམ།སྲུང་སྐྱོང་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ།འཛུགས་སྐྲུན་ལས་འགན་དང་སྔོན་སྒྲུབ་གོ་རིམ་ཚན་རིག་དང་མཐུན་པར་གཏན་འཁེལ།དོ་དམ་དང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ།ལས་གྲྭའི་སྤུས་ཚད་དང་མ་དངུལ་ལྟ་སྐུལ་དང་དོ་དམ་བྱ་ཤུགས་ནན་དུ་གཏོང་བ་བཅས་བྱས་ཏེ་མཉམ་བསྐྲུན་མཉམ་འགྲུབ་ཐད་འགན་ལེན་བྱེད་དགོས་པ།ཞིང་ལས་ཀྱི་གནོད་འགོག་གེགས་སེལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་།ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ།སྡེ་ཚན་མཉམ་འབྲེལ་གྲོས་ཚོགས་དང་འཕྲལ་སྡོམ་དང་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་གེགས་འགོག་དང་ལོ་ལེགས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས་པ།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ།འཚོ་སྡོད་དང་ལས་དོན་བསྒྲུབ་རྒྱུར་འཚམ་པ་དང་།མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་དང་དམ་འཛིན་ཡག་པོ་བཅས་བྱེད་དགོས།

ཚོགས་འདུ་མ་འཚོག་གོང་ལིའུ་གོ་ཀྲུང་གིས་ད་དུང་ཧོ་པེའི་ཤིང་ཐའེ་རུ་ཞིང་ལས་སྒྲིག་བཀོད་ཉམས་གསོ་དང་དགུན་གྲོའི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-21 6 6 拉萨日报藏文 c177984.html 1 ལི་ཆང་གིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ། /enpproperty-->