分享按钮

གཟའ་འཁོར་འདིར་རང་གྲོང་གི་གནམ་གཤིས་དྲོད་ཚད་ཅུང་མཐོ་ཞིང་ས་ཆ་མང་པོར་ལྷགས་པ་ཆེན་པོ་རྒྱག་རྒྱུ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་11ཉིན། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཟའ་འཁོར་གོང་མར། རང་གྲོང་གི་ས་ཆ་མང་ཆེ་བར་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་གཙོ་བོ་བསྟན་པ་དང་། ལྷགས་པ་རྒྱག་ཚད་ཅུང་ཆེ་བ་བྱུང་ཞིང་། དེའི་ནང་ནས་སྙེ་མོ་རྫོང་དུ་ལྷགས་པ་རྒྱག་ཚད་ཆེ་བའི་གནམ་གཤིས་ཉིན་4བསྟན་པ་དང་། འདམ་གཞུང་རྫོང་དང་མལ་གྲོ་གུང་དཀར་རྫོང་དུ་ལྷགས་པ་རྒྱག་ཚད་ཆེ་བའི་གནམ་གཤིས་ཉིན་1བསྟན་ཡོད། རྫོང(ཆུས)ཁག་ལ་ཆར་ཆུ་བབས་མེད་པ་དང་ས་ཆ་ཁག་གི་གཟའ་འཁོར་རེའི་ཆ་སྙོམས་དྲོད་ཚད་དེ་རྒྱུན་གཏན་གྱི་དུས་མཚུངས་དང་བསྡུར་ན། ཧྲེ་ཧྲི་ཏུའུ་2ནས་4བར་མཐོ་བ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། གཟའ་འཁོར་འདིར་རང་གྲོང་དུ་ཆར་པ་འབབ་ཚད་སྔར་བཞིན་ཅུང་ཉུང་བ་དང་དྲོད་ཚད་མཐོ་ཙམ་ཡོད་པར་མ་ཟད། ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ལྷགས་པ་རིམ་པ་4ནས་5བར་རྒྱག་རྒྱུ་དང་ས་བབ་མཐོ་བའི་ཁུལ་དུ་ལྷགས་པ་རིམ་པ་7ཡན་རྒྱག་རྒྱུ་རེད། བྱེ་བྲག་ནས་བཤད། གཟའ་ཟླ་བ་ནས་གཟའ་ལྷག་པའི་བར། རང་གྲོང་གི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆར་ཁ་བ་ཐར་ཐོར་འབབ་རྒྱུ། གཟའ་ཕུར་བུ་ནས་གཟའ་ཉི་མའི་བར་རྫོང་(ཆུས)ཁག་ཏུ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་གཙོ་བོ་བསྟན་རྒྱུ་རེད། གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གྲོས་འགོ་བཏོན་དོན། གཟའ་འཁོར་འདིའི་དུས་མཚམས་ཁག་གཅིག་ལ་ལྷགས་པ་རྒྱག་ཚད་ཅུང་ཆེ་བ་དང་། ཡར་ཀླུང་གཙང་པོའི་རྒྱུད་དུ་བྱེ་མ་དང་ཐལ་རྡུལ་ཐོན་སླ་བས་མུ་མཐུད་འགྲོ་ལམ་གྱི་འགྲིམ་འགྲུལ་དང་མཁའ་ཐོག་གི་སྐྱེལ་འདྲེན་ལ་རྐྱེན་ངན་མི་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ་དང་། གྲོང་ཁྱེར་ནང་ཁུལ་གྱི་ལས་གྲྭའི་འདེགས་གདུང་དང་བརྡ་ཁྱབ་བྱང་བུ་སོགས་བརྟན་དུ་གཏོང་དགོས་པ་དང་ནགས་ཤིང་གི་ཡལ་ག་བཞུར་རྒྱུར་དོ་སྣང་བྱེད་དགོས། མཁའ་རླུང་ཤས་ཆེ་བ་དང་མེ་སྐྱོན་རིམ་པ་ཅུང་མཐོ་བས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་། གྲོང་ཁྱེར་གྱི་མེ་སྤྱོད་བདེ་འཇགས་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177381.html 1 གཟའ་འཁོར་འདིར་རང་གྲོང་གི་གནམ་གཤིས་དྲོད་ཚད་ཅུང་མཐོ་ཞིང་ས་ཆ་མང་པོར་ལྷགས་པ་ཆེན་པོ་རྒྱག་རྒྱུ། /enpproperty-->