分享按钮

ལྷ་སའི་སྤྱི་བདེས་རྐུ་ཁྱེར་གྱོད་གཞི་ཞིག་མགྱོགས་མྱུར་རྩད་ཆོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།བློ་མཐུན་ཉེན་རྟོག་པ་ལགས། ངའི་རླངས་འཁོར་གྱི་སྒེའུ་ཁུང་བཅག་པར་མ་ཟད།རླངས་འཁོར་ནང་བཞག་པའི་རྒྱུ་དངོས་ཡང་བརྐུས་འདུག ད་ལོའི་ཟླ་2ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་གླིང་ཕྲན་གཉིས་ཀྱི་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་ནས་ཉི་འོད་གླིང་ཕྲན་གྱི་གནས་སྐབས་རླངས་འཁོར་འཇོག་ས་ཞིག་ཏུ་བཞག་པའི་རླངས་འཁོར་གྱི་སྒེའུ་ཁུང་བཅག་པར་མ་ཟད།རྒྱུ་དངོས་ཡང་བརྐུས་འདུག་ཅེས་བཤད།

གྱོད་གཞི་ཐོན་རྗེས་གླིང་ཕྲན་གཉིས་ཀྱི་མངགས་གཏོང་ཁང་གིས་འཕྲལ་དུ་བཅའ་སྡོད་བྱ་ཡུལ་ཉེས་དོན་གྱོད་སྒྲུབ་རུ་ཁག་གིས་སྣེ་ཁྲིད་བྱ་རྒྱུའི་བཀོད་སྒྲིག་བྱས་པ་དང་།གྱོད་གཞི་སྒྲུབ་གཉེར་རུ་ཁག་གིས་བརྟག་དཔྱད་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱས་པ་རེད།གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་ཚན་པའི་གཞོགས་འདེགས་དང་རྒྱབ་སྐྱོར་ཤུགས་ཆེན་འོག ཉེ་འཁོར་གྱི་ཚོང་དུད་ལ་བཅར་འདྲི་དང་བརྙན་ལམ་སྐོར་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད་ཟླ་2ཚེས་22ཉིན་གྱི་ཕྱི་དྲོའི་ཆུ་ཚོད་18ཡོལ་ཙམ་ལ་བོགས་གཏོང་ཁང་པ་ཞིག་གི་ནང་བསྡད་པའི་ཉེས་གསོག་དོགས་ཅན་སྐྱིད་ཆེ་གེ་མོ་བདེ་བླག་ངང་འཛིན་བཟུང་བྱས་པར་མ་ཟད་དེའི་སྡོད་ཁང་ནས་རྐུ་ཁྱེར་བྱས་པའི་རྒྱུ་དངོས་ཡང་རྙེད་ཡོད།

འདྲི་ཞིབ་རགས་ཙམ་བྱས་པ་བརྒྱུད། སྐྱིད་ཆེ་གེ་མོས་ཚེས་21ཉིན་གྱི་ཐོ་རེངས་སུ་རླངས་འཁོར་འཇོག་ས་ཞིག་ཏུ་རླངས་འཁོར་གྱི་སྒེའུ་ཁུང་བཅག་པའི་བྱ་ཐབས་སྤྱད་དེ་རླངས་འཁོར་ནང་གི་ཐ་མག་རྡར་ཚན་5(རིན་ཐང་སྒོར་5000ཟིན་པ)དང་། དངུལ་སྨར་སྒོར་400 གློག་གསོག་འབོ་1 གློག་སྒྲོན་1བཅས་རྐུ་ཁྱེར་བྱས་པའི་ཉེས་པ་ཁས་ལེན་བྱས་ཡོད། མིག་སྔར། གྱོད་གཞི་དེ་བཅའ་སྡོད་བྱེད་མཁན་ཉེས་དོན་གྱོད་སྒྲུབ་རུ་ཁག་གིས་སྔར་བས་ཐག་གཅོད་བྱེད་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་དེ་ཐོན་རྗེས་གླིང་ཕྲན་གཉིས་ཀྱི་མངགས་གཏོང་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་བསླབ་བྱ་དང་ལེན་བྱས་ཏེ་སྐྱོན་ཆ་འཕྲལ་མར་བསལ་ནས་དུས་འགོའི་ལས་དོན་གྱི་རྨང་གཞིའི་ཐོག སླར་ཡང་ཁོངས་གཏོགས་ཁུལ་གྱི་རླངས་འཁོར་འཇོག་ས་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་དང་གྲལ་བཤེར་བྱས་ཏེ།ཆུ་ཚོད་24ནང་རྒྱུན་ཆད་མེད་པར་གཙོ་གནད་ལམ་དུམ་དང་གཙོ་གནད་ས་ཁོངས་ལ་རྒྱུན་ཆད་མེད་པར་སྐོར་ཞིབ་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཡོད། འདི་གར་ཉེན་རྟོག་པས་རྒྱ་ཆེའི་རླངས་འཁོར་གྱི་བདག་པོས་རླངས་འཁོར་ནི་ཉེན་སྲུང་སྒམ་མིན་པས་རྩ་ཆེའི་དངོས་པོ་རླངས་འཁོར་ནང་མི་འཇོག་པ་དང་། རླངས་འཁོར་འཇོག་སྐབས་ཚད་ལྡན་གྱི་རླངས་འཁོར་འཇོག་ས་འདེམས་དགོས་ལ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་གནས་ཚུལ་འོག རླངས་འཁོར་གང་ཐུབ་ཅི་ཐུབ་ཀྱིས་མི་ཚོགས་ཅུང་མང་བའི་ས་ཆ་དང་ལམ་དུམ་དུ་འཇོག་དགོས་པ་ལས་ཁུག་ཀྱོག་ཏུ་གཏན་ནས་འཇོག་མི་རུང་། མི་རླངས་འཁོར་ནས་ཁ་བྲལ་རྗེས་རླངས་འཁོར་ནང་གི་རྩ་ཆེའི་དངོས་པོ་དཔེར་ན་ལག་ཐོགས་ཁ་པར་དང་། ཁུག་མ། གློག་རྡུལ་ཐོན་རྫས་སོགས་འཁྱེར་དགོས་པ་དང་། ཅུང་ཆེ་བའི་རྩ་ཆེའི་དངོས་པོ་སྦས་ནས་འཇོག་དགོས་པ་ལས་མངོན་ཆེ་སར་འཇོག་མི་རུང་། རླངས་འཁོར་གྱི་བདག་པོས་ངེས་པར་དུ་རླངས་འཁོར་ནས་ཁ་བྲལ་རྗེས་རླངས་འཁོར་གྱི་སྒོ་ཡག་པོ་རྒྱག་པའི་གོམས་གཤིས་འཇགས་པར་བྱེད་དགོས་པ་དང་། ཆ་རྐྱེན་འཛོམས་ཚེ་རང་འགུལ་ཉེན་བརྡ་གཏོང་བའི་སྒྲིག་ཆས་སྤྱོད་དགོས་པའི་དྲན་སྐུལ་ཞུས་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-14 6 6 拉萨日报藏文 c177379.html 1 ལྷ་སའི་སྤྱི་བདེས་རྐུ་ཁྱེར་གྱོད་གཞི་ཞིག་མགྱོགས་མྱུར་རྩད་ཆོད་པ། /enpproperty-->