分享按钮

ཤའོ་ཡིའུ་ཚའེ་ཡིས་མལ་གྲོ་གུང་དཀར་རྫོང་དུ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)ས་གནས་དེ་གའི་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྔར་བས་སྐོང་དགོས་པ་དང་། བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་བེད་སྤྱོད་བྱས་ནས་ཁོང་ཚོའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། སྨན་བཅོས་སྒྲིག་གཞིའི་སྨན་དོན་དང་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

མལ་གྲོ་གུང་དཀར་རྫོང་པད་ཁའི་སྣུམ་འཚག་བཟོ་གྲྭར་སླེབས་སྐབས་ཤའོ་ཡིའུ་ཚའེ་ཡིས་སྣུམ་འཚག་བཟོ་གྲྭའི་རྒྱུན་གཏན་གྱི་གཉེར་སྐྱོང་དང་། ཕན་འབྲས། ཚོང་ལམ་སོགས་ཀྱི་གནས་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས“སྤུས་དག་དང་རྩེར་སོན”གྱི་ལམ་ཕྱོགས་སུ་སྐྱོད་པ་དང་། ཐོན་རྫས་ཀྱི་ཞིབ་འཇུག་དང་གསར་སྤེལ་ལ་དམ་འཛིན། ཚོང་ལམ་སྔར་བས་རྒྱ་སྐྱེད། ཁེ་ལས་ཞིབ་ཕྲ་ཅན་གྱི་དོ་དམ་ལ་ཤུགས་སྣོན། ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་དང་ཚོང་རའི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁེ་ལས་སྔར་བས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

གུང་དཀར་གྲོང་རྡལ་དག་པ་གྲོང་ཚོར་སྐྱོད་སྐབས་ཁང་པ་གྲལ་སྟར་འགྲིག་པ་དང་འགྲོ་ལམ་གཙང་མ་ཡོད། ཤའོ་ཡིའུ་ཚའེ་དེ་གར་ཕེབས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་ནི་གྲོང་གསེབ་བཅོས་སྐྱོང་གི་དཔལ་འབྱོར་རྨང་གཞི་བརྟན་དུ་གཏོང་བྱེད་ཅིག་ཡིན་པས། གསོག་འཇོག་དང་བགོ་བཤའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་གཏོང་བ་དང་ཞིང་འབྲོག་པར་ཡུན་རིང་ཕན་པ་ཐོབ་པར་བྱེད་དགོས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ནས་དག་པའི་རྫ་ཆས་སོགས་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད། དེ་རྗེས་ཤའོ་ཡིའུ་ཚའེ་གྲོང་མི་ཕུན་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཁྱིམ་ཚང་གི་མི་གྲངས་དང་། ཡོང་འབབ་ཡོང་ཁུངས། འཚོ་བའི་གནས་ཚུལ་སོགས་ལ་མཁྱེན་རྟོགས་གནང་བ་དང་། ཁོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གནང་བའི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་གནང་ཞིང་། ཁོང་ཚོར་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་རྒྱུའི་སྨོན་འདུན་ཡང་ཞུས་པ་རེད།

དེ་རྗེས་ཤའོ་ཡིའུ་ཚའེ་ཡིས་མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་པ་རེད། ཁོང་གིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཐད་ཀའི་འགོ་ཁྲིད་འོག་མལ་གྲོ་གུང་དཀར་རྫོང་ལ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཐོན་པར་ཁས་ལེན་གང་ལེགས་གནང་བ་དང་སྦྲགས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་ཐད།ལེགས་ཆ་ངོས་འཛིན་གསལ་པོ་བྱེད་དགོས་ལ་ཞན་ཆ་ཡང་མཐོང་ཐུབ་པར་བྱས་ཏེ་བསམ་ཕྱོགས་གསལ་པོ་དང་། སྤྱོད་ཚུལ་ལེགས་པོ། བྱ་ཐབས་ནུས་ལྡན་བཅས་ཀྱི་ཐོག་ནས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པར་འགྱུར་བར་བྱེད་དགོས་པའི་ནན་གསུངས་གནང་བ་སྟེ།

འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ནི་ལས་འགན་ཨང་དང་པོར་བརྩི་བ་དང་། བཟོ་ལས་སྟོབས་ལྡན་གྱི་རྫོང་ཞིག་ཡིན་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་དམིགས་འབེན་གསལ་པོ་བཟོ་བ། བསམ་ཕྱོགས་དང་རྩ་དོན་གསལ་པོ་བཟོ་བ། རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་འགྱུར་བྱ་རྒྱུ་འགག་སྒྲོལ་བྱེད་པ། གཙོ་གནད་རྣམ་གྲངས་འགོ་འཛུགས་དང་དོན་འཁྱོལ་མཐར་ཕྱིན་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ། གཏེར་ཁའི་ཐོན་ལས་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས།

བརྟན་ལྷིང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་འཁྱོངས། བསམ་བློ་བརྟན་པོ་དང་བྱ་སྤྱོད་བརྟན་པོ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་བདེ་འཇགས་ལ་དམ་འཛིན་ལེགས་པར་བྱས་ཏེ་བཅོས་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་འཆམ་མཐུན་བརྟན་ལྷིང་གི་རྣམ་པ་ཡག་ཏུ་གཏོང་དགོས།

ལས་བྱེད་པ་དང་མང་ཚོགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་ཡག་པོ་བྱེད་པ། དམངས་ཕན་དམངས་བདེའི་སྲིད་ཇུས་སྟངས་འཛིན་ཡག་པོ་བྱས་ནས་མང་ཚོགས་ཀྱི་ཧུར་སེམས་དང་རང་སྟོབས་ཀྱི་ནུས་པར་སྐུལ་སློང་བྱ་རྒྱུར་སྣང་ཆེན་བྱས་ཏེ་སྲིད་ཇུས་རྒྱུན་མཐུད་ཡོང་རྒྱུར་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་སེམས་ཁུར་བྱེད་པ་དང་། ནུས་པས་ལྕོཊ་ཚོད་ཀྱིས་ཁོང་ཚོར་དཀའ་ངལ་སེལ་རོགས་བྱེད་པ། ནོར་འཁྲུལ་ཤོར་རུང་ཡོ་བསྲང་བྱེད་པའི་ལམ་སྲོལ་འཛུཊ་པ་བཅས་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་གཏོད་དགོས།

སྲིད་དོན་བརྩོན་སྒྲུབ་དངོས་གཉེར་མཐའ་འཁྱོངས་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་ཏན་ཏན་ཏིག་ཏིག་གིས་ལས་དོན་དངོས་སྒྲུབ་པ་དང་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་པ། མང་ཚོགས་ཀྱིས་བསྔགས་བརྗོད་བྱེད་པ་དང་མང་ཚོགས་ཀྱིས་ཁས་ལེན་པའི་བྱ་བ་བཟང་པོ་མང་ཙམ་སྒྲུབ་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་གྲུབ་འབྲས་ཐོབ་པར་བྱས་ཏེ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏོང་དགོས།

ཏང་ལེགས་སྐྱོང་བྱ་རྒྱུ་བླ་སྲོག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་ལྷག་པར་དུ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲུག་དང་། ན་གཞོན་ཏང་ཡོན་ཕུལ་བྱུང་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་བཅས་བྱས་ཏེ། རིམ་པ་ཁག་གི་ཏང་རྩ་འཛུགས་ལེགས་པར་སྐྱོང་དགོས་པ་དང་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འགན་སྲུང་སྟོབས་ལྡན་མཁོ་འདོན་བྱེད་དགོས།

བརྟག་ཞིབ་གནང་བའི་ལམ་བར་དུ་ཤའོ་ཡིའུ་ཚའེ་ད་དུང་དགའ་ལྡན་དགོན་པར་ཕེབས་ནས་དགོན་སྡེའི་དོ་དམ་དང་། མེ་ཟོན་བདེ་འཇགས། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་དོན་འཁྱོལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་འབྲེལ་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་། མི་དམངས་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་མི་སྣ་བཅས་ལ་འཚམས་འདྲི་གནང་བ་རེད།

(བྱམས་ཚེ་དང་པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-03-08 6 6 拉萨日报藏文 c177035.html 1 ཤའོ་ཡིའུ་ཚའེ་ཡིས་མལ་གྲོ་གུང་དཀར་རྫོང་དུ་བརྟག་ཞིབ་གནང་བ། /enpproperty-->