ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཟིན་པའི་འདམ་གཞུང་རྫོང་གི་ཤར་སྣེར་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་14ལས་གྲུབ་ཅིང་།ཆ་སྙོམས་ལོ་ཚད་35ལ་སླེབས་པའི་ཏང་ཡོན་སྤྱི་བདེའི་དཔུང་ཁག་ཅིག་ཡོད་པ་སྟེ།དེ་ནི་འདམ་གཞུང་རྫོང་སྤྱི་བདེ་ཅུས་དབུ་མ་ཐང་ཤང་མངགས་གཏོང་ཁང་ཡིན།
དབུ་མ་ཐང་ཤང་ལ་ལྷ་སའི“བྱང་སྒོ་ཆེན་མོ”དང་འདམ་གཞུང་རྫོང་གི“ཤར་སྒོ་ཆེན་མོ”ཞེས་འབོད་ཀྱི་ཡོད།2010ལོར་བཙུགས་པ་ནས་བཟུང་དབུ་མ་ཐང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་སྟེ། རང་འགན་གཙང་སྒྲུབ་དང་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བཞིན་ཡོད་པས་མང་ཚོགས་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད། དེའི་ཁྲོད་ནས“མི་དམངས་ཉེན་རྟོག་པ་ཡག་ཤོས”ཞེས་པའི་མཚན་སྙན་ཐོབ་པའི་བཀྲ་ཤིས་ཚེ་རིང་ནི་ལོ་བཅུའི་རིང་ཉིན་གཅིག་ལྟར་ལས་གནས་བརྟན་སྲུང་དང་རང་ནུས་ལེགས་སྐྱེས་ཕུལ་བས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚོའི་སེམས་ནང་གི་ཁྱིམ་མི་ལྟ་བུར་གྱུར་ཡོད།
སྦག་སྦག་ལ་བཞོན་ནས་ཁོངས་གཏོགས་ཁུལ་ཚང་མར་བསྐྱོད་པ།
འདམ་གཞུང་རྫོང་དབུ་མ་ཐང་ཤང་ཀོ་གཉེར་གྲོང་ཚོའི་གྲོང་མིའི་སྒོ་འགྲམ་དུ་ལག་ཁྱེར་སྐྱེལ་བར་ཡོང་མཁན་གྱི་མི་དམངས་ཉེན་རྟོག་པ་བཀྲ་ཤིས་ཚེ་རིང་མཐོང་མ་ཐག གྲོང་མི་ཚོས་ཁྱེད་རང་ཕེབས་སམ།མགྱོགས་པོ་ནང་ལ་ཡར་ཕེབས།ངས་ཇ་བསུབས་མ་བཟོས་ཡོད་ཅེས་སྣེ་ལེན་ཞུ་བཞིན་ཡོད། 2013ལོ་ནས་ད་བར།བཀྲ་ཤིས་ཚེ་རིང་གིས་དབུ་མ་ཐང་ཤང་ཀོ་གཉེར་གྲོང་ཚོའི་མི་དམངས་ཉེན་རྟོག་པའི་འགན་འཁུར་གྱི་ཡོད་ཅིང་། དབུ་མ་ཐང་ཤང་ཀོ་གཉེར་གྲོང་ཚོ་ལ་ཚོགས་ཆུང་6དང་ཁྱོན་དུད་ཚང་646ཡོད།
དང་ཐོག་བཀྲ་ཤིས་ཚེ་རིང་ལ་གྲོང་ཚོའི་ནང་གི་གནས་ཚུལ་རྒྱུས་མངའ་དེ་ཙམ་མེད་པས། ལས་དོན་སྔར་བས་ཡག་པོ་སྤེལ་ཆེད། ལོ་ཕྱེད་ཙམ་གྱི་དུས་ཚོད་ནང་བཀྲ་ཤིས་ཚེ་རིང་གིས་གྲོང་ཚོའི་ཁོངས་གཏོགས་ཁུལ་ཚང་མར་བསྐྱོད་པ་རེད།བཀྲ་ཤིས་ཚེ་རིང་གིས་ངའི་དྲན་གསལ་ལ། སྐབས་དེ་དུས་མངགས་གཏོང་ཁང་ནང་ཉེན་རྟོག་པའི་རླངས་འཁོར་གཅིག་འདུག འོན་ཀྱང་ཀོ་གཉེར་གྲོང་ཚོའི་གནས་ཚུལ་མགྱོགས་མྱུར་རྒྱུས་མངའ་ཡོང་ཆེད། ཉིན་ལྟར་སྦག་སྦག་བཞོན་ནས་གྲོང་ཚོར་བསྐྱོད་དེ་དུད་ཚང་ཚང་མར་རྒྱུས་ལོན་བྱེད་དུ་ཕྱིན་པ་ཡིན་ཞེས་བཤད། ཀོ་གཉེར་གྲོང་ཚོའི་ཐག་རིང་ཤོས་ཀྱི་ཚོགས་ཆུང་དང་དབུ་མ་ཐང་ཤང་མངགས་གཏོང་ཁང་བར་བར་ཐག་སྤྱི་ལེ་50ལྷག་ཙམ་ཡོད། ཁོངས་གཏོགས་ཁུལ་གྱི་རི་ལམ་ཀྱག་ཀྱོག་ཡིན་པ་དང་ལམ་དུམ་བུ་མང་པོ་ཞིག་ཏུ་རླངས་འཁོར་འགྲོ་ཐུབ་ཀྱི་མེད་སྟབས།བཀྲ་ཤིས་ཚེ་རིང་གིས་སྦག་སྦག་བཞག་ནས་རྐང་ཐང་མར་བསྐྱོད་ཡོད། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་སུན་པོ་མི་བཟོ་བའི་ཆེད། བཀྲ་ཤིས་ཚེ་རིང་གིས་རྡོག་ཐོན་མ་བྱས་གོང་རྩམ་པ་དང་། ཆུ། སྟབས་བདེའི་ཐུག་པ་བཅས་ཁྱེར་གྱི་ཡོད།
ཐོག་མའི་བསམ་འདུན་དང་འགན་འཁྲིའི་སྐོར་གྱི་ཟིན་བྲིས་དེབ་བཅུ་གཅིག་བྲིས་པ།
བཀྲ་ཤིས་ཚེ་རིང་གི་གཞུང་ལས་ཁང་དུ་སྐྱོད་སྐབས་སྒྲོག་ཙེའི་ཐོག་ཟིན་བྲིས་དེབ་ནག་པོ་བཅུ་གཅིག་མཐོང་རྒྱུ་ཡོད་ཅིང་། ཁོང་གིས་བཤད་པ་ལྟར་ན།ཟིན་བྲིས་དེབ་དེ་དག་ནི་ཁོང་གི་ལོ་བཅུའི་རིང་གི་སེམས་ཤུགས་རེད། ལོ་བཅུའི་རིང་བཀྲ་ཤིས་ཚེ་རིང་གིས་འཚམས་འདྲིར་སྐྱོད་ཚད་མང་དུ་བཏང་སྟེ། དུད་ཚང་646ཡོད་པའི་ཀོ་གཉེར་གྲོང་ཚོར་ལོ་རེར་ཉུང་མཐར་ཡང་དུད་ཚང་རེར་འཚམས་འདྲིར་ཐེངས་5སྐྱོད་ཀྱི་ཡོད། བཀྲ་ཤིས་ཚེ་རིང་གིས་ཟིན་བྲིས་དེབ་སྤྱད་དེ་གྲོང་མིའི་ཁྱིམ་ཚང་གི་སྡོད་གནས་དང་གཞི་རྩའི་གནས་ཚུལ་ཟིན་ཐོར་འགོད་རྒྱུར་གོམས་པར་མ་ཟད། ཁང་པའི་གནས་ཡུལ་དང་བཀོད་པ་སོགས་ཀྱང་རི་མོར་བཀོད་ཅིང་། ད་བར་ཁོང་གིས་བྲིས་པའི་ཟིན་བྲིས་དེབ་ཀྱི་ཁ་གྲངས་བཅུ་གཅིག་ཏག་ཏག་ཟིན་ཡོད།
2013ལོར་བཀྲ་ཤིས་ཚེ་རིང་ཁོངས་གཏོགས་ཁུལ་དུ་བཅར་འདྲིར་སྐྱོད་སྐབས། ཀོ་གཉེར་གྲོང་ཚོའི་ཚོགས་ཆུང་3པའི་ཡུལ་མི་ཞིག་གི་ཁང་པར་སེར་ཀ་ཆེན་པོ་གས་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེས་ལྷགས་པ་དང་ཆར་པ་སོགས་ཀྱང་འགོག་ཐུབ་ཀྱི་མེད་པས་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ཐོན་ཡོད། བཀྲ་ཤིས་ཚེ་རིང་གིས་ཤེས་རྟོགས་གཏིང་ཟབ་བྱས་པ་བརྒྱུད།ཁྱིམ་ཚང་དེར་ནང་མི་བཞི་ཡོད་པ་དང་མི་བཞི་པོའི་ནང་ནས་མི་གཅིག་ལ་མ་གཏོགས་དཔལ་འབྱོར་གྱི་ཡོང་འབབ་མེད་པས་འཚོ་བར་དཀའ་ངལ་ཆེ་ཙམ་ཡོད་ལུཊ་ཤེས་རྗེས།འཕྲལ་དུ་གནས་ཚུལ་དེ་སྙན་སེང་ཞུས་པ་དང་འབྲེལ་ཤང་སྲིད་གཞུང་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་དུད་ཚང་དེར་ཁང་པ་གསར་པ་ཞིག་བརྒྱབ་ཡོད། ཡུལ་མི་ཟླ་བས་ཉེན་རྟོག་དཔོན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ང་ཚོར་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་ཞིག་བརྒྱབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
གུར་ཞིག་ལ་བརྟེན་ནས་ཡུལ་མིར་མཐུན་རྐྱེན་བསྐྲུན་པ།
འདམ་གཞུང་རྫོང་དབུ་མ་ཐང་ཤང་ནས་དབྱར་རྩྭ་དགུན་འབུ་དང་གཡའ་འབྲུ་སོགས་སྨན་རྩྭ་རྩ་ཆེན་མང་པོ་ཐོན་གྱི་ཡོད། ལོ་ལྟར་གྱི་ཟླ་6པའི་ཟླ་མཇུག་ནས་ཟླ་7པའི་ཟླ་མཇུག་བར་ནི་དབུ་མ་ཐང་ཤང་གི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚོད་རེད། སྐབས་དེ་དུས་བཀྲ་ཤིས་ཚེ་རིང་གིས་ལས་རོགས་ཚོ་དང་མཉམ་དུ་གུར་དང་བཟའ་བཅའ་སོགས་ཁྱེར་ནས་དབྱར་རྩྭ་དགུན་འབུ་རྐོ་མཁན་མང་ཚོགས་དང་མཉམ་དུ་ཟླ་གཅིག་ཙམ་སྡོད་པ་དང་། དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས་ནས་ཉིན་ལྟར་ཆུ་ཚོད་24ཡི་ནང་རྒྱུན་ཆད་མེད་པར་སྐོར་ཞིབ་དང་དབྱར་རྩྭ་དགུན་འབུ་རྐོ་མཁན་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། ཚང་མའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཀྱིན་ཡོད།
2021ལོར་བཀྲ་ཤིས་ཚེ་རིང་རི་ལ་སྐོར་ཞིབ་བྱེད་པར་སྐྱོད་སྐབས།རི་སྟེང་གི་སྟབས་བདེའི་ཟམ་པ་ཞིག་ཆུ་ལོག་གིས་འཁྱེར་ནས་མང་ཚོགས་དབྱར་རྩྭ་དགུན་རྐོ་བར་འགྲོ་ཐབས་བྲལ་བ་ཤེས་རྟོགས་བྱུང་རྗེས།བཀྲ་ཤིས་ཚེ་རིང་འཕྲལ་དུ་རི་ནས་བབས་ཏེ་ལྕགས་སྐུད་དང་ངར་ལྕགས་སོགས་བཙལ་ནས་མང་ཚོགས་ལ་ཟམ་པ་ཉམས་གསོ་བྱས། ཆུ་ཚོད་གཉིས་ཙམ་འབད་བརྩོན་བྱས་པ་བརྒྱུད་སྟབས་བདེའི་ཟམ་པ་དེ་ཉམས་གསོ་ཐུབ་ནས་མང་ཚོགས་ཚོའི་དཀའ་ངལ་ཐག་གཅོད་བྱས་ཡོད།
བཀྲ་ཤིས་ཚེ་རིང་ནི་ལས་ཀའི་ཞོར་དུ་དཔེ་དེབ་བལྟ་རྒྱུར་དགའ་པོ་ཡོད་མཁན་ཞིག་ཡིན། ཁོང་གིས་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱས་ན་བསམ་བློར་དྲག་ཆས་སྤྲོས་ཐུབ་ལ་མང་ཚོགས་ལའང་ཞབས་འདེཊ་དེ་བས་ལེཊ་པ་ཞུ་ཐུབ་ཅེས་བརྗོད་ཡོད། བཀྲ་ཤིས་ཚེ་རིང་ནི་2011ལོར་ལས་ཀར་ཞུགས་པ་དང་། དེ་སྔོན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་ལས་དོན་གྱི་གཞོགས་འདེགས་མི་སྣ་ཞིག་ཡིན། 2013ལོར་ཁོང་གིས་ལས་བསྡུའི་ཡིག་རྒྱུགས་ནང་ཞུགས་ནས་མི་དམངས་ཉེན་རྟོག་པ་ཞིག་ཏུ་དངོས་སུ་གྱུར་པ་རེད།
ལོ་བཅུ་ལྷག་ཙམ་རིང་གྲོང་ཚོར་ལས་ཀ་བྱས་སྟབས། བཀྲ་ཤིས་ཚེ་རིང་དང་དབུ་མ་ཐང་ཤང་ཀོ་གཉེར་གྲོང་ཚོའི་དབར་བརྩེ་དུང་དེ་ནི་དེ་བས་ཟབ་ཏུ་ཕྱིན་ཡོད། བཀྲ་ཤིས་ཚེ་རིང་གིས་ལོ་བཅུའི་ནང་ཀོ་གཉེར་གྲོང་ཚོའི་ཡུལ་མིས་ང་རང་ནང་མིར་རྩིས་བཞིན་ཡོད། སླད་ཕྱིན་ངས་ཀྱང་འབད་བརྩོན་བྱས་ནས་ནང་མི་ཚོར་བྱ་བ་དངོས་མང་ཙམ་བསྒྲུབ་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社