ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་29ཉིན་གྱི་དགོང་མོར།《ལྷ་སའི་སྲིད་དོན་བགྲོ་གླེང》ལེ་ཚན་གྱི་དུས་ཐེངས་31པ་བསྟན་ནས་སྤྱི་ཚོགས་འགན་སྲུང་གི་འབྲེལ་ཡོད་གནད་དོན་ལ་དམིགས་ཏེ་ཡུལ་དངོས་སུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས། སྟོད་ལུང་བདེ་ཆེན་ཆུས་སྨན་བཅོས་འགན་སྲུང་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་འབྲེལ་ཡོད་མི་སྣ་གདན་དྲངས་ནས་སྲིད་དོན་བགྲོ་གླེང་བྱས་པ་རེད། ད་རེས་ཀྱི་ལེ་ཚན་དེ་སྨྱན་སྦྱོར་གསར་པའི་ཐོག་བསྟན་ཚད་མི་ཁྲི་9.2ལྷག་ཙམ་ཟིན་པ་དང་བསྔགས་བརྗོད་བྱེད་ཚད་ཁྲི་12.8ལྷག་ཙམ་ཟིན་ནས་སྤྱིའི་ཆ་ནས་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད་པ་རེད།
ད་ཐེངས་ཀྱི་སྲིད་དོན་བགྲོ་གླེང་དེ་12345སྲིད་དོན་ཐད་སྦྲེལ་ཁ་པར་དང་མི་དམངས་དྲ་བའི་བོད་ལྗོངས་འཕྲིན་ལམ་གྱི་ས་གནས་འགོ་ཁྲིད་ཀྱི་ལན་འཇོག་སོགས་སྟེགས་བུའི་ཐོག་ནས་ཤེས་རྟོགས་བྱུང་བའི་སྤྱི་ཚོགས་འགན་སྲུང་རིགས་ཀྱི་ཞུ་གཏུག་གནད་དོན་ལ་དམིགས་ཏེ་ཁེ་ལས་ཀྱིས་གཏན་འབེབས་ལྟར་ལས་བཟོའི་སྤྱི་ཚོགས་འགན་སྲུང་དངུལ་མི་འཇལ་བ་དང་། སྨན་ཁང་ཁག་གཅིག་གིས་རྒྱབ་སྐྱོར་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་དང་མི་མཐུན་པའི་གཱ་སྤྱད་དེ་འཛད་སྤྱོད་བྱེད་པ། འགན་བཅོལ་ནང་ཞུགས་མཁན་ཁག་གཅིག་གིས་སྨན་བཅོས་འགན་བཅོལ་ནང་གཅིག་སྡུད་ཐོག་འཇལ་སྤྲོད་བྱེད་ཡུན་ནང་རྒྱུན་གཏན་ལྟར་གྲོན་དངུལ་འཇལ་མི་ཐུབ་པ་སོགས་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ལ་དམིགས་ནས་འབྲེལ་ཡོད་བརྟག་དཔྱད་བརྙན་ཐུང་བརྒྱུད་གནད་དོན་དམར་རྗེན་དུ་བཏོན་པ་དང་འབྲེལ་ཡུལ་དངོས་སུ་སྲིད་དོན་བགྲོ་གླེང་བྱས་པ་རེད།
སྲིད་དོན་བགྲོ་གླེང་བྱ་ཡུལ་དུ་གཙོ་སྐྱོང་བས་ནང་དོན་གཙོ་བོར་དམིགས་ཏེ་གནད་འཕིགས་ཀྱི་དྲི་བ་བཏོན་པ་དང་རྩ་བ་རྩད་གཅོད་བྱས་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་གནད་དོན་ལ་ཐད་ཀར་དམིགས་ནས་འབྱུང་རྩ་འཚོལ་ཞིབ་དང་བསམ་གཞིགས་གཏིང་ཟབ་བྱས་པར་མ་ཟད། སྲིད་དོན་བགྲོ་གླེང་ལེ་ཚན་གོ་སྐབས་སུ་བྱས་ཏེ་ཆད་ལུས་ལ་ཞིབ་བཤེར་ཡག་པོ་བྱས་ནས་ནུས་ལྡན་གྱི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་དང་། སྤྱི་ཚོགས་འགན་སྲུང་སྲིད་ཇུས་དོན་འཁྱོལ་ནན་པོ། ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཁྱབ་གདལ་ལས་དོན་ལ་ཤུགས་སྣོན་རྒྱག་པ། ལས་སྒོའི་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་དེ་བས་ལེགས་པ་དང་དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད། ལེ་ཚན་ནང་དམར་རྗེན་དུ་བཏོན་པའི་གནད་དོན་དང་དེ་བཞིན་སྨྱན་སྦྱོར་གསར་པའི་སྟེགས་བུ་དང་ཐད་སྦྲེལ་ཁ་པར་བརྒྱུད་གྲོང་མིས་བཏོན་པའི་གནད་དོན་ལ་དམིགས་ཏེ་ལེ་ཚན་ཚོགས་ཆུང་གིས་རྒྱུན་མཐུད་ངང་རྗེས་འདེད་བཏང་ནས་གནས་ཚུལ་སྤེལ་རྒྱུ་ཡིན་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲཊ་པུའི་པུའུ་ཀྲང་ཝང་ཧུའེ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཕང་ཧྥེ་ཡུའེ། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་བཅས་ལེ་ཚན་ལ་ཞུགས་ཡོད་པ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社