ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་24ཉིན་གློག་འཕྲིན་འབྱོར་གསལ།ཚེས་24ཉིན། གསར་འགོད་པས་ཀྲུང་གོའི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།ཡོངས་བསྒྲགས་ངང་བསྡུ་རུབ་དང་དཔྱད་འདེམས་བྱས་པ་བརྒྱུད།ཀྲུང་གོའི་མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་འགན་གྱི་འཕུར་སྐྱོད་ཡོ་བྱད་གསར་པའི་མིང་ཉེ་ཆར་གཏན་འཁེལ་བྱས་ཤིང་།མི་ཞུགས་འཕུར་གྲུ་ཐོན་གསར་པར་ཕུགས་འདུན་གྲུ་གཟིངས་ཞེས་མིང་བཏགས་པ་དང་།ཟླ་བའི་ངོས་ཀྱི་ཐང་འབབ་ཡོ་བྱད་ལ་ཟླ་ལེན་ཞེས་མིང་བཏགས་པ་རེད།
ཀྲུང་གོའི་བར་སྣང་ས་ཚིགས་བསྐྲུན་ཟིན་རྗེས།ཟླ་བའི་གོ་ལའི་ཐོག་བསྐྱོད་རྒྱུ་དེ་ཀྲུང་གོ་བས་བར་སྣང་འཚོལ་ཞིབ་བྱེད་པའི་དམིགས་ཚད་རྗེས་མར་གྱུར་ཡོད།མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་ལས་གྲྭའི་ཟླ་བའི་ཐོག་བསྐྱོད་རྒྱུའི་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་བསྟུན་ནས་མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་གྱི་འཕུར་སྐྱོད་ཡོ་བྱད་གསར་པའི་མིང་འདོགས་རྒྱུ་དེ་ཡང་ཉིན་རེའི་གྲོས་རིམ་ནང་བཅུག་ཡོད་པ་རེད།
2023ལོའི་ཟླ་8པར།ཀྲུང་གོའི་མི་ཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་དོན་ཁང་གིས་སྤྱི་དམངས་ལ་མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་འགན་གྱི་འཕུར་སྐྱོད་ཡོ་ཆས་གསར་པའི་མིང་བསྡུ་རུབ་ཀྱི་བྱེད་སྒོ་སྤེལ་བ་དང་།སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་རྒྱ་ཁྱབ་དང་དེའི་ནང་ཞུགས་པས་འཇིག་རྟེན་འཕུར་སྐྱོད་དང་།ཚན་རྩལ།རིག་གནས་བརྒྱུད་བསྒྲགས་སོགས་ཁྱབ་ཁོངས་ཀྱི་རྩ་འཛུགས་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་ཡིག་གེ་2000ཙམ་འབྱོར་ཡོད།རིགས་གཅིག་མཁས་ཅན་གྱིས་གདམ་གསེས་དང་ཞིབ་དཔྱད་བྱས་པ་བརྒྱུད།ཐོན་གསར་པའི་མི་བཞུགས་འཕུར་གྲུ་ལ་ཕུགས་འདུན་གྲུ་གཟིངས་ཞེས་མིང་བཏགས་པ་དང་ཟླ་བའི་ངོས་ཀྱི་ཐང་འབབ་ཡོ་བྱད་ལ་ཟླ་ལེན་ཞེས་མིང་བཏཊ་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན།འཕུར་སྐྱོད་འཕྲུལ་ཆས་གསར་པའི་མིང་ལ་ཀྲུང་གོའི་ཁྱད་ཆོས་དང་།དུས་རབས་ཀྱི་ཁྱད་ཆོས།རིག་གནས་ཀྱི་ཁྱད་ཆོས་བཅས་མངོན་གསལ་དོད་པོ་ལྡན་ཡོད།ཕུགས་འདུན་གྲུ་གཟིངས་ལ་མི་ཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་གྱིས་ཀྲུང་གོ་བའི་འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་པའི་དོན་མཚོན་པ་དང་།བར་སྣང་འཚོལ་ཞིབ་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད་ལ།ལྷ་གྲུ་དང་མཁའ་གྲུའི་འཇིག་རྟེན་འཕུར་སྐྱོད་ཁྱིམ་རྒྱུད་ཀྱི་མ་ལག་རྒྱུན་འཛིན་བྱས་པ་ཡང་མཚོན་ཡོད།ཐོན་གསར་པའི་མི་སྡོད་འཕུར་གྲུའི་ནང་ཟླ་བའི་སྟེང་དུ་བསྐྱོད་པའི་ལུགས་དང་རྗེས་མཐུད་ཀྱི་བར་སྣང་ས་ཚིགས་ཀྱི་ལས་འགན་སྒྲུབ་པའི་ཐག་ཉེའི་ལུགས་ཞེས་བཟོ་དབྱིབས་གཉིས་ཡོད།དེའི་ནང་ཟླ་བའི་སྟེང་དུ་བསྐྱོད་པའི་ལུགས་ཀྱིས“ཕུགས་འདུན་གྲུ་གཟིངས་Y”(འཕུར་གྲུའི་མིང་+རྒྱ་ཡིག月ཞེས་པའི་སྒྲའི་གསལ་བྱེད་དང་པོ)སྤྱད་པ་རེད། ཟླ་ལེན་ཞེས་པ་ནི་མའོ་ཀྲུའུ་ཞིའི་སྙན་ཚིག་ནང་ནས་གདན་དྲངས་ཤིང་།དེའི་ཐོག་ནས་ཀྲུང་གོ་བས་འཇིག་རྟེན་འཚོལ་ཞིབ་དང་ཟླ་བའི་གོ་ལའི་ཐོག་བསྐྱོད་པའི་བརྗིད་ཆེའི་བློ་སྟོབས་དང་གདེང་ཚོད་མངོན་ཡོད།དེའི་གོང་ཐོན་གསར་པའི་མི་ཞུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་མིང་ལ་རྒྱང་སྐྱོད་རྟགས་ཅན་བཅུ་པ་ཞེས་བཏགས་ཡོད།
མིག་སྔར།ཕུགས་འདུན་གྲུ་གཟིངས་འཕུར་གྲུ་དང་།ཟླ་ལེན་ས་བབས་ཡོ་བྱད།རྒྱང་སྐྱོད་རྟགས་ཅན་བཅུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཅས་ཁྱོན་ཡོངས་ནས་ཐོག་མའི་ཞིབ་བཟོའི་དུས་མཚམས་སུ་སླེབས་པ་དང་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་ཡིན་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社