分享按钮

(པར་ངོས་དང་པོར་མཐུད)ལས་ཁུངས་དང་ཚན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་འཛུགས་གཏོད་བྱེད་སྒོ་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ནོར་སྲིད་ཅུས་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཚེ་རིང་བདེ་སྐྱིད་ཀྱིས་ང་ཚོས་ལས་བྱེད་པ་དང་ལས་བཟོ་བ་ཚོར་གད་སྙིགས་རིགས་དབྱེ་དང་།ཐཱན་ཉུང་ཕྱིར་སྐྱོད། གནོད་མེད་འཛད་སྤྱོད་བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་ནུས་རྒྱུ་གྲོན་ཆུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྙིགས་རོ་མེད་པའི་ཚན་པ་བཏོད་ཡོད་པ་དང་། ཤོག་སྙིགས་རོ་མེད་པའི་གཞུང་ལས་ཁང་ཁྱབ་སྤེལ་བཏང་ནས་གྲོན་ཆུང་ཅན་གྱི་འབྱུང་འཕྲོད་ལས་ཁུངས་བསྐྲུན་ཡོད་པ། ཆུ་དང་གློག་གྲོན་ཆུང་དང་། གཞུང་ལས་སྒྲིག་ཆས། གཞུང་དོན་མཁོ་ཆས་སོགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྙིགས་རོ་མེད་པའི་ཚན་པའི་གདེང་འཇོག་དམིགས་ཚད་ལ་དམ་པོར་དམིགས་ཏེ་གད་སྙིགས་རིགས་དབྱེ་དང་། འབྱུང་འཕྲོད་གཞུང་དོན་སྒྲུབ་པ། འབྱུང་འཕྲོད་བསྲི་ཚགས། ཐ་མག་ཚོད་འཛིན་སོགས་ཀྱི་ཐད་སྙིགས་རོ་མེད་པའི་ཚད་གཞི་བཟོ་བ། གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ལས་ཁུངས་ཀྱི་ཟ་ཁང་ནང་གྲོན་ཆུང་བྱས་ན་གཟི་བརྗིད་དང་འཕྲོ་བརླག་བཏང་ན་ངོ་ཚ་ཡིན་ཞེས་པའི་དྲིལ་བསྒྲགས་སྦྱར་ཡིག་སྦྱར་ནས་ལྟོ་ཟ་བའི་གོམས་གཤིས་བཟང་པོ་ཆགས་རྒྱུར་ཁྲིད་སྟོན་བྱས་ཐོག་ཟས་རིགས་ཆུད་ཟོས་སུ་གཏོང་བ་གཏན་འགོག་བྱས་ཡོད་ཅེས་བཤད།

སྙིགས་རོ་མེད་པའི་གྲོང་ཁྱེར་གཏོད་རྒྱུ་ནི་སྔོན་ཐོན་གྱི་གྲོང་ཁྱེར་དོ་དམ་གྱི་འདུ་ཤེས་ཤིག་ཡིན་པས་མཁྲེགས་ཆས་ལ་གཏོང་བྱ་མང་དུ་གཏོང་བ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ་བ། སྤྱི་དམངས་བཅས་ཀྱིས་ཧུར་ཐག་ཞུགས་དགོས། སྙིགས་རོ་མེད་པའི་ཚན་པ་གཏོད་པའི་ལས་དོན་ཁྲོད་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་གློག་རྡུལ་གཞུང་ལས་དང་། གཞུང་ལས་ཀྱི་རྒྱུ་ཆ་གྲོན་ཆུང་། ཟ་ཁང་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་དང་།ལས་བྱེད་པ་དང་ལས་བཟོ་བས་རང་འགུལ་ངང་འཕྲོ་བརླག་མི་གཏོང་བར་ཟ་ཁང་གི་གད་སྙིགས་ལྷག་མ་རིགས་དབྱེ་བྱས་ཡོད་པ་རེད།

གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་རྡོ་རྗེས་སྙིགས་རོ་མེད་པའི་གྲོང་ཁྱེར་གཏོད་རྒྱུར་ཚན་པས་སྣེ་ཁྲིད་དགོས་པའི་འགན་འཁྲི་འཁུར་སེམས་མཚོན་པར་བྱ་ཆེད།ང་ཚོས་ཚན་པའི་ནང་ཁུལ་གྱི་དོ་དམ་བྱ་ཐབས་བཟོས་ནས་གློག་དང་ཆུར་གྲོན་ཆུང་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པར་བྱས་ཡོད། ཕྱིས་འབྱུང་ངེད་ཅུས་ཀྱི་ལས་དོན་མི་སྣ་ཚང་མས་ཉེ་འགྲམ་གྱི་བྱ་བ་ཙག་ཙིག་ནས་འགོ་བཙུགས་ཏེ་སྙིགས་མེད་རོ་མེད་པའི་ཚན་པའི་དར་སྲོལ་བཟང་པོ་ཆགས་པར་བྱ་རྒྱུ་དང་།བསམ་བློའི་ཐད་བབ་ཆགས་གོང་བཀུར་དང་། སྤྱོད་ཚུལ་ཐད་དཀའ་སྤྱད་འབད་འཐབ། དོ་དམ་ཐད་ཡག་ཐོག་ཡག་བརྩེགས་བཅས་ཡོང་བར་བྱས་ཏེ་སྙིགས་རོ་མེད་པའིལས་ཁུངས་གཏོད་པའི་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་བཏང་ནས་བྱ་སྤྱོད་ངོ་མའི་ཐོག་ནས་སྙིགས་རོ་མེད་པའི་ཚན་པ་གཏོད་པའི་ཆེད་ལེགས་སྐྱེས་གང་མང་འབུལ་རྒྱུ་ཡིན་ཞེས་བཤད།

སྙིགས་རོ་མེད་པའི་ཚན་པ་གཏོད་པའི་ལས་དོན་གྱི་དམིགས་ཡུལ་ནི་རང་གྲོང་གིས་སྙིགས་རོ་མེད་པའི་གྲོང་ཁྱེར་གཏོད་པའི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། ལྷ་ས་གྲོང་ཁྱེར་གྱི་སྙིགས་རོ་མེད་པའི་གྲོང་ཁྱེར་གཏོད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྙིགས་རོ་མེད་པའི་དགོན་སྡེ་དང་སྙིགས་པོ་མེད་པའི་འདམ་ར་སོགས་བཏོད་ནས་ཚན་པ་ཁག་གིས་རང་འགུལ་ངང་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད། དྲིལ་བསྒྲགས་སྐུལ་སློང་དང་འཛུགས་གཏོད་ཚན་པས་རང་གིས་རང་ལ་གདེང་འཇོག་བྱེད་པ་དང་།དོ་དམ་སྡེ་ཚན་དང་དེ་བཞིན་རིགས་གཅིག་མཁས་ཅན་གྱིས་མཇུག་མཐར་དཔྱད་དཔོག་བྱས་པ་བརྒྱུད།སྙིགས་མེད་ཚན་པ་གཏོད་པའི་ལས་དོན་ཁག་དང་པོ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

སྙིགས་རོ་མེད་པའི་གྲོང་ཁྱེར་གཏོད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་མི་སྣ་ཧོ་ཧའེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རང་གྲོང་གིས་སྙིགས་རོ་མེད་པའི་ཚན་པ་ཁག་དང་པོ་གཏོད་ཟིན་པའི་ཚན་པ་ཁྱོན་20ཡོད་ཅིང་། དེའི་ནང་སྙིགས་རོ་མེད་པའི་ལས་ཁུངས་དང་།སྙིགས་རོ་མེད་པའི་སློབ་གྲྭ། སྙིགས་རོ་མེད་པའི་དགོན་སྡེ་སོགས་སྤྱི་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་5ཚུད་ཡོད། དེའི་ནང་སྙིགས་རོ་མེད་པའི་ཚན་པ་13དང་། སྙིགས་རོ་མེད་པའི་སློབ་གྲྭ་4 སྙིགས་རོ་མེད་པའི་དགོན་སྡེ་དང་། སྙིགས་རོ་མེད་པའི་འདམ་ར། སྙིགས་རོ་མེད་པའི་མཛེས་ལྗོངས་ཁུལ་བཅས་རེ་རེ་ཚུད་ཡོད་པ་རེད། ཧོ་ཧའེ་ཅུན་གྱིས་ཕྱིས་འབྱུང་ང་ཚོས《ལྷ་ས་གྲོང་ཁྱེར་གྱི་སྙིགས་རོ་མེད་པའི་ཚན་པ་གཏོད་པའི་ལག་བསྟར་ཇུས་གཞིའི》བླང་བྱ་གཞིར་བཟུང་། སྙིགས་རོ་མེད་པའི་ཚན་པའི་གཞི་རྒྱུ་ཆེ་གྲས་ཁག་གི་གསལ་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སྙིགས་རོ་མེད་པའི་ཚན་པ་གཏོད་པའི་དཔུང་ཁག་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-26 6 6 拉萨日报藏文 c176451.html 1 /enpproperty-->