分享按钮

ལྷ་སའི་ཚོང་རྟགས་རྙིང་པའི་ཟ་ཁང་ལ་མི་རྣམས་ཀྱིས་དགའ་པོ་བྱེད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གྲོང་ཁྱེར་ཚོང་དོན་ཅུས་སོཊ་ཚན་པས་གསར་དུ་ཁ་སྣོན་བྱས་པའི“ལྷ་སའི་ཚོང་རྟཊ་རྙིང་པ”ཁག་གཅིག་ལ་དཔྱད་ཞིབ་བྱས་པ་དེའི་ནང་བཟའ་བཏུང་ཁེ་ལས་གསུམ་ནི་ཚོང་ལམ་བཟང་པོར་བརྟེན་ནས་སྐད་གྲཊ་ཆོད་ཡོད་པ་རེད།

ཐེངས་འདིར་གསར་དུ་ཁ་སྣོན་བྱས་པའི“ལྷ་སའི་ཚོང་རྟགས་རྙིང་པའི”ནང་ཐལ་སྤུངས་སྒང་གི་བྲོ་བ་ལྔ་ལྡན་གྱི་ལ་ཕིང་ཚོང་ཁང་དེ་གླིང་སྐོར་ཤར་ལམ་དུ་གནས་པ་དང་།ཚོང་ཁང་དེས་རྒྱུན་འཛིན་དང་གཉེར་སྐྱོང་བྱས་ནས་ལོ་ངོ་60ལྷག་ཙམ་སོང་བའི་ལོ་རྒྱུད་ཡོད་ཅིང་།སྔར་རྒྱུན་བཞིན་ས་གནས་དེ་གའི་གྲོང་མི་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བས་དགའ་པོ་བྱེད་ཀྱིན་ཡོད་པ་རེད། ཉིན་ཤས་གོང་། གསར་འགོད་པ་ཚོང་ཁང་དེར་སྐྱོད་སྐབས་སྨི་ངོས་གྲུ་20ལྷག་ཙམ་ཡོད་པའི་ཚོང་ཁང་ནང་གཙང་སྦྲ་དོད་པ་དང་། མཛེས་རྒྱན་བབ་ཆག་པ། སྒྲིག་ཆས་ཉུང་ལ་རྒྱ་ཁྱོན་ཆུང་བའི་ཟ་ཁང་གི་ཚོང་ལ་ཤུགས་རྐྱེན་ཐེབས་ཀྱི་མེད་པ་ཤེས་རྟོགས་བྱུང་། ཆུ་ཚོད་10ཙམ་ལ་སྐུ་མགྲོན་ཚོས་གཅིག་མཇུག་གཉིས་མཐུད་ངང་ཟ་ཁང་ནང་འཛུལ་ནས་རང་རང་གི་དགའ་བའི་བཟོ་ལྟ་མི་འདྲ་བའི་ལ་ཕིང་ཉོ་ཡི་ཡོད། ཐབ་ཚང་ནང་གི་མི་རབས་གཉིས་པའི་རྒྱུན་འཛིན་པ་པ་སངས་སྒྲོལ་མས་ལ་ཕིང་ལ་ཙོང་དང་། སུར་པན། ལ་ཕུག་སྐྱུར་མོ་སོགས་བླུགས་ནས་བྲོ་ཞིམ་གྱི་ལ་ཕིང་དག་སྒྲོག་ཙེའི་ཐོག་བཞག་སྟེ་སྐུ་མགྲོན་ཚོར་ལོངས་སྤྱོད་བྱེད་དུ་འཇུག་གི་ཡོད་པ་རེད།

གྲོང་མི་ལྷ་མོས་གསར་འགོད་པར་ང་ཆུང་དུས་ནས་དེ་གའི་ལ་ཕིང་ཟ་རྒྱུར་དགའ་པོ་ཡོད། ད་ཆ་ནར་སོན་ཡང་འདི་གར་ལ་ཕིང་ཟ་བར་ཡོང་གི་ཡོད་ལ། བྲོ་བར་འགྱུར་ལྡོག་མེད་པས་ཉེ་འགྲམ་གྱི་མི་རྣམས་ཀྱང་འདི་གར་ལ་ཕིང་ཟ་བར་ཡོང་གི་ཡོད་ཅེས་བཤད།

བྲོ་བ་ལྔ་ལྡན་གྱི་ལ་ཕིང་ཚོང་ཁང་གི་ལ་ཕིང་གི་བྲོ་བ་ཞིམ་པོ་ཡོད་པར་མ་ཟད། དྲོད་ཚད་དམའ་བའི་ཞིམ་ཟས་ཤིག་ཀྱང་རེད། ལ་ཕིང་བཟོ་བའི་ལག་རྩལ་དང་བྲོ་བར་འགྱུར་ལྡོག་མེད་པར་བྱ་ཆེད། པ་སངས་སྒྲོལ་མས་ཐོག་མའི་བསམ་འདུན་ཡིད་ལ་བཅངས་ནས་ལོ་ཟླར་འགྱུར་ལྡོག་གང་བྱུང་རུང་། ལ་ཕིང་བཟོ་བའི་རྒྱུ་ཆ་ལེགས་འདེམས་དང་།ད་ལྟ་བཟོས་ནས་ད་ལྟ་འཚོང་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱུ་ཆ་སོས་པ་ཡོང་བ་དང་།ལྷ་སའི་ཚོང་རྟགས་རྙིང་བའི་བྲོ་བར་འགྱུར་ལྡོག་མི་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།པ་སངས་སྒྲོལ་མས་ལ་ཕིང་བཟོ་བའི་ལག་རྩལ་ནི་སྒྱུག་མོས་ངར་བསླབ་བྱུང་། ང་རང་གིས་ལོ་30ལྷག་ཙམ་གཉེར་སྐྱོང་བྱས་པ་ཡིན་ལ། རྒྱུ་ཆ་སོས་པ་ཡོང་བའི་འགན་ལེན་བྱུ་རྒྱུ་ཡིན་བཤད།

གསར་དུ་ཁ་སྣོན་བྱས་པའི“ལྷ་སའི་ཚོང་རྟགས་རྙིང་པའི”གྲས་སུ་ཚུད་པའི་མ་སྐྱེས་ཨ་མའི་ཟ་ཁང་དེ་བར་སྐོར་གྱི་ཤར་ལྷོའི་མཚམས་སུ་གནས་པ་དང་།དེ་ནི་གྱང་ལ་ཚོན་མདོག་སེར་པོ་བྱུག་པའི་ཁང་པ་ཆུང་ཆུང་ཞིག་རེད། མ་སྐྱེས་ཨ་མའི་ཟ་ཁང་ནི་1997ལོར་བཙུགས་པ་དང་། སྐབས་དེ་དུས་ཟ་ཁང་ལ“མ་སྐྱེས་ཨ་མའི་ཕྱི་རྒྱལ་ཟ་ཁང”ཞེས་བརྗོད་ཀྱི་ཡོད། མ་གཞི་མིང་ལ་འགྱུར་བ་བྱུང་ཡང་སྔ་ཕྱི་བར་གསུམ་དུ་གསར་གཏོད་པའི་ལས་གཏོད་ཀྱི་ཐོག་མའི་བསམ་འདུན་ལ་འགྱུར་བ་བྱུང་མེད། ཉེ་བའི་ལོ་ངོ་30ལྷག་ཙམ་རིང་ཟ་ཁང་གིས་ཚལ་གྱི་སྤུས་ཚད་དང་སྐུ་མགྲོན་གྱི་བློ་ལ་བབ་མིན་དམིགས་ཡུལ་དུ་བྱས་ནས་ཡིད་རྟོན་གཉེར་སྐྱོང་མཐའ་འཁྱོངས་བྱས་པས་ད་བར་རྒྱ་ཆེའི་འཛད་སྤྱོད་པས་དགའ་པོ་བྱེད་ཀྱིན་ཡོད།

མ་སྐྱེས་ཨ་མིའི་ཟ་ཁང་གི་འགན་འཁུར་བ་ཚེ་ཁོས་ལྷ་སའི་ཚོང་རྟགས་རྙིང་པའི་འཐུས་མི་ཞིག་གི་ངོས་ནས་བཤད་ན་ང་ཚོས་གྲོང་ཁྱེར་རམ་ཡང་ན་རྒྱལ་ཁབ་ཅིག་གི་རིག་གནས་ལོ་རྒྱུས་ཀྱི་ཚབ་བྱེད་ཀྱི་ཡོད་པས་ང་ཚོར་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡོད། ད་ཆ་ཚང་མས་བཟའ་བཅའི་ཐད་བཏོན་པའི་བླང་བྱ་ལྟར་ང་ཚོའི་ཟ་ཁང་གིས་ཀྱང་ཚལ་རིགས་ལ་ལེགས་སྒྲིག་བྱས་ཡོད། ཕྱིས་འབྱུང་ང་ཚོས་དེ་བས་གནོད་མེད་དང་། དེ་བས་བདེ་ཐང་། དེ་བས་སྐྱེ་ལྡན་བཅས་ཀྱི་བཟའ་བཅའ་བཟོས་ནས་རྒྱལ་ཁབ་མི་འདྲ་བ་ནས་ཡོང་བའི་སྐུ་མགྲོན་ལ་བོད་ཟས་གསར་པ་ལོངས་སྤྱོད་ཐུབ་པར་བྱས་ཏེ་འཛམ་གླིང་ཐོག་གི་མི་དེ་བས་མང་བས་ཀྲུང་གོ་དང་། བོད་ལྗོངས། ལྷ་ས་བཅས་ཤེས་རྟོགས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-23 6 6 拉萨日报藏文 c176309.html 1 ལྷ་སའི་ཚོང་རྟགས་རྙིང་པའི་ཟ་ཁང་ལ་མི་རྣམས་ཀྱིས་དགའ་པོ་བྱེད་པ། /enpproperty-->