分享按钮

གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལས་གནས་བརྟན་སྲུང་བྱས་ནས་ མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ནང་མི་མཉམ་འཛོམས་ནི་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་བཟང་ཤོས་དེ་ཡིན། འོན་ཀྱང་ཁྱིམ་ཚང་མང་པོ་མཉམ་འཛོམས་བྱེད་སྐབས་མི་ཁག་གཅིག་གིས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱེད་ཀྱི་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་མྱུར་སྐྱོབ་ཚན་ཁག་ཏུ་སྨན་དོན་མི་སྣས་སྔར་རྒྱུན་བཞིན་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པས་དུས་ཆེན་རིང་སེམས་འགུལ་ཐེབས་ཤོས་ཀྱི་རྣམ་པར་གྱུར་ཡོད།

ནད་གཞི་ནི་དུས་ཆེན་འཆར་བའི་དབང་གིས་ཞི་ལྷོད་དུ་འགྲོ་མི་སྲིད་པས། སྨན་དོན་མི་སྣ་རྣམས་ནང་མི་མཉམ་འཛོམས་བྱེད་སྐབས་སླེབས་མ་ཐུབ་ཀྱང་ཚེ་སྲོག་བདེ་ཐང་སྲུང་བའི་གཡུལ་སར་ནམ་ཡང་ཆད་ཀྱི་མེད།

གྲོང་ཁྱེར་མི་དམངས་སྨན་ཁང་མྱུར་སྐྱོབ་ཚན་ཁག་གི་སྨན་པ་སྐལ་བཟང་གིས་ངས་ལས་རེས་རྩིས་ལེན་བྱས་ནས་ཧ་ལམ་ཆུ་ཚོད་གསུམ་ཙམ་ཕྱིན་སོང་།མྱུར་སྐྱོབ་ཁང་དུ་མིག་སྔར་ནད་པ་4ཡོད་པར་མ་ཟད། ནད་གཞི་ལྕི་ཙམ་འདུག་ལ་ད་དུང་བརྟག་དཔྱད་བྱེད་དགོས་ཀྱི་འདུག དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཡིན་ནའང་འདྲ། ཡང་ན་རྒྱུན་གཏན་ཡིན་ནའང་འདྲ། མྱུར་སྐྱོབ་ཚན་ཁག་གི་སྨན་པར་སྤྱིའི་ཆ་ནས་ངལ་གསོ་རྒྱག་པའི་དུས་ཚོད་མེད་ཅེས་བཤད།

མྱུར་སྐྱོབ་ཁང་དུ་བདེ་ཐང་ལྟ་ཞིབ་ཚད་ལེན་ཡོ་བྱད་ཀྱི་སྒྲ་ཡང་ཡང་གྲགས་ཤིང་། ནད་རྟགས་འདྲི་རྩད་བྱེད་པ་དང་། ཁབ་རྒྱག་པ། ཞིབ་བཤེར་བྱེད་པ།སྨན་སྦྱོར་བྱེད་པ་སོགས་སྨན་པ་དང་སྨན་གཡོག་ཚོས་རང་འཁྲིའི་ལས་ལ་འབད་བཞིན་འདི་གར་དུས་ཆེན་གྱི་རྣམ་པ་གང་ཡང་མེད། མྱུར་སྐྱོབ་ཁང་གི་ཕྱི་རོལ་དུ་དོས་དྲག་ཁོག་ནད་ཚན་ཁག་གི་སྨན་པ་སྒྲོལ་དཀར་གྱིས་ཆུ་ཚོད་གཅིག་ལྷག་ཙམ་གྱི་ནང་ནད་པ་བཅུ་གྲངས་ཁ་ཤས་ལ་སྨན་བཅོས་བྱས་ཡོད།

སྒྲོལ་དཀར་གྱིས་ད་ཆ་སྨན་ཁང་དུ་ལ་དུག་བརྒྱབ་པའི་ཡུལ་སྐོར་བ་ཅུང་མང་བ་དང་གནམ་གཤིས་ཀྱི་རྐྱེན་པས་དབུགས་ལམ་གྱི་ནད་ཕོག་པ་དང་སྙིང་ནད་ཕོག་པའི་ནད་པ་མང་པོ་འདུག ད་དུང་གཤེར་མའི་གཉན་ཚད་ཕོག་པའི་ནད་པ་དང་འཇུ་ལམ་གྱི་ནད་ཕོག་པའི་ནད་པ་སོགས་ཀྱང་ཡོད་སྲིད་པས་ང་ཚོས་སྨན་བཅོས་བྱ་རྒྱུར་གྲ་སྒྲིག་ཡག་པོ་བྱས་ཡོད་ཅེས་བཤད།

སྐལ་བཟང་གིས་ངའི་ངོས་ནས་བརྗོད་ན་ལོ་གསར་པའི་ནང་ནད་པར་སེམས་ཁུར་མང་ཙམ་ཐུབ་ན་སྙམ་གྱི་འདུག དུས་རྒྱུན་ནད་པར་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་མ་འདང་བའི་སྣང་བ་ཡོང་གི་འདུག་པས་ངས་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-18 6 6 拉萨日报藏文 c175949.html 1 གྲོང་ཁྱེར་མི་དམངས་སྨན་ཁང་གིས་ལས་གནས་བརྟན་སྲུང་བྱས་ནས་ མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་པ། /enpproperty-->