分享按钮

(པར་ངོས་དང་པོར་མཐུད)རྒྱ་ཁྱོན་ལ་སྨི་ངོས་གྲུ་220ཟིན་པའི་ཁོང་གི་རླངས་བཙོས་ཚགས་ཤའི་ཐུག་པའི་ཟ་ཁང་དེའི་སྐུ་མགྲོན་མང་ཆེ་བ་ནི་གདོང་དཀར་སྡེ་ཁུལ་གྱི་གྲོང་མི་ཡིན། ཟ་ཁང་བཙུགས་པ་ནས་བཟུང་། གདོང་དཀར་སྡེ་ཁུལ་གྱི་ལས་དོན་མི་སྣས་རྟག་ཏུ་ཟ་ཁང་གཉེར་སྐྱོང་གི་གནས་ཚུལ་འདྲི་རྩད་བྱེད་པ་དང་། དཀའ་ངལ་དང་འཕེལ་རྒྱས་ཀྱི་དགོས་མཁོ་ཤེས་རྟོགས་བྱེད་ཀྱིན་ཡོད་པས། མ་ཞུའེ་ཝུན་གྱི་ཚོང་ལས་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད། མཱ་ཞུའེ་ཝུན་གྱིས་གསར་འགོད་པར། ངའི་ཚོང་ཁང་ནང་ཉིན་ལྟར་མི་རིགས་གཞན་གྱི་སྐུ་མགྲོན་ཧ་ཅང་མང་པོ་ཡོད། ང་དང་ཚོང་གཡོག་ཚོས་སྐུ་མགྲོན་ལ་ཞབས་ཞུ་སྒྲུབ་པ་དང་། ཉེ་འགྲམ་གྱི་ཚོང་ཁང་དང་ཉེ་འཁོར་གྱི་གྲོང་མིར་སྔར་བས་མཐུན་ཐབས་བྱེད་བཞིན་ཡོད་པས། ཟ་ཁང་གི་ཚོང་ཡང་ཉིན་རེ་བཞིན་ཡག་ཏུ་ཕྱིན་སོང་། ད་ཆ་ལོའི་ཡོང་འབབ་སྒོར་ཁྲི་30ཙམ་ཟིན་གྱི་ཡོད་ཅེས་བཤད། ཡང་ཁོང་གིས་ངས་སྡེ་ཁུལ་དུ་ཚོང་བརྒྱབ་ནས་ལོ་མང་སོང་། ས་གནས་འདི་གའི་འཚོ་བར་སྔ་ས་ནས་གོམས་འདུག སྡེ་ཁུལ་གྱིས་ཞིང་ཕན་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་སོགས་དྲིལ་བསྒྲགས་དང་། ལྷག་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་དབར་གྱི་སེམས་འབྲེལ་ཟམ་པ་བསྐྲུན་ནས། ང་ཚོ་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་རེས་དང་། ཕན་ཚུན་གུས་བཀུར། འཆམ་མཐུན་མཉམ་གནས་བཅས་ཐུབ་པར་བྱས་བྱུང་ཞེས་བཤད།

མིག་སྔར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་དུ་འགོ་ཁྲིད་ཀྱིས་མཐོང་ཆེན་བྱེད་པ་དང་། མང་ཚོགས་ཧུར་ཐག་ཞུགས་པ། མི་རིགས་དབར་མཐུན་སྒྲིལ་ཟབ་པ། ཐུན་མོང་དུ་ཡར་རྒྱས་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཁྱོན་ཡོངས་ནས་སྤེལ་རེས། མཉམ་འདྲེས་ཟབ་མོ་བཅས་ཐུབ་རྒྱུར་འབད་བརྩོན་བྱས་སྟབས། སྡེ་ཁུལ་དེར་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་

དང་། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)ཁག་དང་པོ།སྟོད་ལུང་བདེ་ཆེན་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)སོགས་ཀྱི་མཚན་སྙན་ཐོབ་པ་རེད།

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཚེ་རིང་རྡོ་རྗེས་མ་འོངས་པར་ང་ཚོས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱ་རྒྱུ་གཙོ་བོར་བཟུང་སྟེ། རྣམ་པ་སྣ་ཚོགས་ལྡན་པའི་བྱེད་སྒོ་སྤེལ་རྒྱུ་མ་ཟད། མི་རིགས་དབར་གྱི་བརྩེ་བ་སྔར་བས་ཟབ་ཏུ་གཏོང་བ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་བར་ཐག་སྔར་བས་ཉེ་རུ་གཏོང་བ། སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་སྔར་བས་ལེགས་པར་ཞུ་བ། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ཐབས་ལམ་གསར་པ་སྔར་བས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་སྡེ་ཁུལ་འདི་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་རེས་བྱེད་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-18 6 6 拉萨日报藏文 c175946.html 1 /enpproperty-->