ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར། བོད་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་རམ་འདེགས་ཡོ་བྱད་འོས་འཚམ་བཀོད་སྒྲིག་གི་ཁ་གསབ་ལག་བསྟར་བྱ་ཐབས་བཏོན་པ་རེད། ད་བར་རང་རྒྱལ་གྱི་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྲིད་ཇུས་དེ་བཏོན་པ་ནས་བཟུང་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་རམ་འདེགས་ཡོ་བྱད་བཀོད་སྒྲིག་འོས་འཚམ་གྱི་ཞབས་ཞུར་ལམ་ལུགས་ཅན་གྱི་འགན་ལེན་རགས་ཙམ་ཐུབ་ཡོད་པ་རེད།
རམ་འདེགས་ཡོ་བྱད་ཅེས་པ་ནི་དབང་པོ་སྐྱོན་ཅན་གྱི་ནུས་པ་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་པའི་དངོས་རྫས་དང་། སྒྲིག་ཆས།མཉེན་ཆས་བཅས་སྣ་ཚོགས་ཀྱི་སྤྱི་མིང་ཡིན།རམ་འདེགས་ཡོ་བྱད་འོས་འཚམ་བཀོད་སྒྲིག་བྱ་རྒྱུ་ནི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུའི་ནང་དོན་གལ་ཆེན་ཞིག་ཡིན་ལ་དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་དབང་པོ་སྐྱོན་ཅན་གྱི་རང་ཚུགས་འཚོ་བ་དང་སྤྱི་ཚོགས་ཀྱི་ཐེ་ཞུགས་ནུས་པ་ཆེ་རུ་གཏོང་བའི་ལག་རྩལ་གྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2021ལོར་པར་འགྲེམས་བྱས་པའི《ལོ་ལྔ་ཚན་བཅུ་བཞི་པའི་དབང་པོ་སྐྱོན་ཅན་འགན་ལེན་དང་འཕེལ་རྒྱས་ཀྱི་འཆར་འགོད》ནང་ཆ་རྐྱེན་ཡོད་པའི་ས་ཆར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་དང་ཚབས་ཆེ་བའི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་རམ་འདེགས་ཡོ་བྱད་བཀོད་སྒྲིག་འོས་འཚམ་བྱེད་པར་ཁ་གསབ་སྤྲོད་དགོས་ཞེས་བཏོན་ཡོད། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་ཡོད་སྡེ་ཚན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག་དུས་འགོའི་ནང་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)11གིས་འབྲེལ་ཡོད་སྲིད་ཇུས་བཏོན་པའི་རྨང་གཞིའི་ཐོག་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)20དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་དོན་དངོས་ལ་གཞི་ཚུགས་ཏེ་ས་གནས་དེ་གའི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་རམ་འདེགས་ཡོ་བྱད་བཀོད་སྒྲིག་འོས་འཚམ་བྱེད་པའི་ཁ་གསབ་སྲིད་ཇུས་ཐད་ཞིབ་འཇུག་དང་གཏན་འབེབས་བྱེད་མགྱོགས་སུ་བཏང་བ་རེད།
ཁ་གསབ་བྱ་ཡུལ་ཐད་ས་ཁུལ་ཁག་གིས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དང་དབང་པོ་སྐྱོན་ཅན་ཚབས་ཆེན་བཅས་སྔོན་ལ་ཁ་གསབ་བྱ་ཡུལ་དུ་བརྩི་ཡི་ཡོད་པ་རེད། ཞིང་ཆེན་མང་ཆེ་བས་ཁ་གསབ་བྱ་ཡུལ་དེ་ས་གནས་དེ་གའི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་དང་གཏན་འབེབས་དང་མཐུན་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་གཏན་འཁེལ་བྱས་ཡོད་པ་རེད། པེ་ཅིང་དང་། ཅང་སུའུ། ཀྲེ་ཅང་།ཅང་ཤིས། ཧོ་ནན། ཧྲའན་ཞི། ཤིན་ཅང་སོགས་ཀྱིས་སློབ་གྲྭར་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སློབ་མ་རྣམས་ཁ་གསབ་བྱ་ཡུལ་གཙོ་བོར་བརྩིས་པ་དང་། ཧའེ་ནན་དང་བོད་ཀྱིས་ལག་ཁྱེར་མེད་པའི་དབང་སྐྱོན་རྒན་རྒོན་དང་ལོ་65ཡན་གྱི་ནུས་ཤོར་རྒན་རྒོན་རྣམས་ཁ་གསབ་བྱ་ཡུལ་ནང་བཅུག་ཡོད་པ་རེད།
ཁ་གསབ་ཀྱི་ནང་དོན་དང་ཚད་གཞིའི་ཐད་ས་གནས་ཁག་གིས་དབང་པོ་སྐྱོན་ཅན་ལ་དགོས་མཁོ་ཆེ་བའི་གཞི་རྩའི་རམ་འདེགས་ཡོ་བྱད་དེ་ཁ་གསབ་ཀྱི་ནང་དོན་གཙོ་བོར་བརྩི་ཡི་ཡོད་པ་རེད། ས་གནས་ཁ་ཤས་སུ་ཁ་གསབ་དང་འབྲེལ་བའི་རམ་འདེགས་ཡོ་བྱད་རིགས་190ལྷག་ཡོད།ས་གནས་ཁག་གིས་གཙོ་བོར་རམ་འདེགས་ཡོ་བྱད་ཀྱི་ཐོན་རྫས་རིགས་དང་། ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ། དབང་པོ་སྐྱོན་ཅན་གྱི་ཚད་གཞི་སོགས་ལ་གཞིགས་ནས་ཁ་གསབ་ཚད་གཞི་གཏན་འཁེལ་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། དབང་པོ་སྐྱོན་ཅན་ལ་ཁ་གསབ་སྤྲོད་པར་རེ་ཞུ་དང་།དཔྱད་དཔོག ཞིབ་བཤེར། བཀོད་སྒྲིག་འཚམ་པོ། མཇུག་བསྡོམས་རྩིས་རྒྱག་སོགས་ཀྱི་ལྷུ་ཚིགས་བརྒྱུད་དགོས་ཀྱི་ཡོད།ཞབས་ཞུའི་བརྒྱུད་རིམ་ལེགས་སུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་ཐོབ་ཚོར་སྔར་བས་ཆེ་རུ་གཏོང་ཆེད། པེ་ཅིང་དང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཕུའུ་ཅན། ཧུའུ་པེ། ཧུའུ་ནན། ཧྲའན་ཞི་སོགས་སུ་དྲ་སྦྲེལ་དང་རམ་འདེགས་ཡོ་བྱད་ཀྱི་ཞབས་ཞུའི་ལས་སྟེགས་བཏོད་དེ་དབང་པོ་སྐྱོན་ཅན་གྱིས་དྲ་ཐོག་ནས་རེ་ཞུ་དང་། དྲ་ཐོག་ནས་འདེམས་ཉོ། དུས་ཐོག་ཁ་གསབ་སོགས་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུ་མངོན་འགྱུར་བྱུང་ཡོད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社