分享按钮

དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་20ཡི་ནང་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ དུང་ཕྱུར་2.3སྐྱེལ་འདྲེན་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར།ཟླ་1ཚེས་26ཉིན་ནས་ཟླ་2ཚེས་14ཉིན་བར་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་40ཡི་གོང་གི་ཉིན་20ཡི་ནང་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་2.3སྐྱེལ་འདྲེན་བྱས་པ་དང་སྐྱེལ་འདྲེན་བདེ་འཇགས་ཡག་ལ་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། ཟླ་2ཚེས་14ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་1424.5སྐྱེལ་འདྲེན་བྱས་པ་དང་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།ཟླ་2ཚེས་15ཉིན་ནི་ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་6ཉིན་ཡིན་པ་དང་འགྲུལ་པ་མུ་མཐུད་མང་དུ་ཕྱིན་ནས་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1520སྐྱེལ་འདྲེན་དང་འགྲུལ་སྐྱེལ་མེ་འཁོར་1284མང་དུ་བཏང་ཡོད་པ་རེད།

རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ཕྱེད་ཀ་ལྷག་ཙམ་ཕྱིན་པ་དང་ལྕགས་ལམ་ཐོག་ཕྱིར་ལོག་བྱེད་མཁན་འགྲུལ་པ་མང་དུ་ཤུགས་ཆེན་ཕྱིན་ཡོད། མེ་འཁོར་སྤ་སེ་12306བཙོངས་པའི་གནས་ཚུལ་ལ་བལྟས་ན། ཟླ་2ཚེས་15ཉིན་པེ་ཅིང་དང་། ཀོང་ཀྲོའུ། ཁྲེང་ཏུའུ། ཞི་ཨན། ཁྲུང་ཆིང་། ཝུའུ་ཧན། ཧྲང་ཧའེ། ནན་ཅིང་། ཧང་ཀྲོའུ། ཀྲེང་ཀྲོའུ་སོགས་གྲོང་ཁྱེར་ནས་ཐོན་མཁན་གྱི་འགྲུལ་པ་ཅུང་མང་བ་དང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ། ཧྲེན་ཀྲེན། ཝུའུ་ཧན། ཧང་ཀྲོའུ། ཞི་ཨན། ཁྲུང་ཆིང་།ཀྲེང་ཀྲོའུ་སོགས་གྲོང་ཁྱེར་དུ་འབྱོར་བའི་འགྲུལ་པ་ཅུང་མང་བ་ཡོད་པ་རེད།

ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་ཕྱིར་ལོག་འགྲུལ་པ་མང་བའི་དུས་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་།འགྲུལ་སྐྱེལ་ནུས་པ་མཁོ་སྤྲོད་བྱེད་མང་དུ་གཏོང་བ། འབབ་ཚུགས་དང་རླངས་འཁོར་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ། དམངས་ཕན་དམངས་བདེའི་བྱེད་ཐབས་དོན་འཁྱོལ་བཅས་བྱེད་ཀྱི་ཡོད་པ་རེད། ཀྲུང་གོ་ལྕགས་ལམ་པེ་ཅིང་ཅུས་ཀྱི་ཚོགས་པ་ཀུང་སིས་ཐའེ་ཡོན་དང་། ཧྲེན་དབྱང་། ཧའར་པིན། ཁྲང་ཁྲུན། ཀྲེང་ཀྲོའུ། ཞི་ཨན། ཆིང་ཏའོ། ཅི་ནན། ཏེ་ཀྲོའུ་སོགས་སུ་འགྲུལ་སྐྱེལ་མེ་འཁོར་156མང་དུ་བཏང་ཡོད། ཀྲུང་གོ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཚོགས་པ་ཀུང་སིས་ཀྲེང་ཀྲོའུ་ཡི་ཤར་དང་། ལུའོ་དབྱང་གི་ལུང་མོན་དང་། ནན་དབྱང་གི་ཤར་རྒྱུད། ཧྲེན་ཆིའུ་ཤར་རྒྱུད་སོགས་ཀྱི་འགྲུལ་སྐྱེལ་མེ་འཁོར་23མང་དུ་བཏང་བ་དང་ཀྲེང་ཀྲོའུ་ཡི་ཤར་དང་ཀྲེན་ཀྲོའུ་ཡི་གནམ་ཐང་དང་། ཀྲོའུ་ཁའུ་ཡི་ཤར་རྒྱུད། ཏེང་ཀྲོའུ་ཡི་ཤར་ངོས་སོགས་ཀྱི་ཤུགས་འགྲེམས་མེ་འཁོར་སླར་ཡང་སྦྲེལ་མཐུད་བྱས་ནས་འཁོར་སྐྱོད་བྱས་པ་དང་། ཀྲུང་གོ་ལྕགས་ལམ་ཐའེ་ཡོན་དང་། ཧྲང་ཧའེ།ཝུའུ་ལུའུ་མུའུ་ཆི་བཅས་ཅུས་ཀྱི་ཚོགས་པ་ཀུང་སིས་རྒན་རྒོན་དང་། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་དམིགས་བསལ་གྱི་གཙོ་གནད་འགྲུལ་པར་རམ་འདེགས་ཡོ་བྱད་དང་གཅེས་སེམས་ཞབས་ཞུ་མཁོ་འདོན་བྱས་ནས་འགྲོ་སྐྱོད་དཀའ་བའི་འགྲུལ་པ་བདེ་བླག་ངང་ཕྱིར་ལོག་ཐུབ་རྒྱུར་རོགས་རམ་བྱས་ཡོད་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-17 6 6 拉萨日报藏文 c175930.html 1 དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་20ཡི་ནང་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ དུང་ཕྱུར་2.3སྐྱེལ་འདྲེན་བྱས་པ། /enpproperty-->