ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་སྲིད་དོན་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “དོན་དག་གཅིག”གི་ལས་དོན་གསལ་ཐོ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ། དྲ་ཕྱི་ནས་སྒྲུབ་གཉེར་བྱེད་པར་ས་ཆ་གཅིག་ཏུ་ཐག་གཅོད་ཐུབ་པ་བྱས་པ་དང་། དྲ་ཐོག་ནས་སྒྲུབ་གཉེར་བྱེད་པར་དྲ་ཚིགས་གཅིག་གི་ཐོག་ནས་ཚང་མ་སྒྲུབ་ཐུབ་པ། ཁེ་ལས་མང་ཚོགས་ཀྱི་རེ་ཞུར“ལན་འདེབས་མགྱོགས་པོ་ཡོད་པ”བཅས་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཀྱིས་མང་ཚོགས་ལ་སྟབས་བདེ་སྐྲུན་པ་དང་། རྒྱུ་ཆ་སྟབས་བདེ་རུ་གཏོང་བ། དུས་བཀག་ཉུང་དུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་རིང་བའི་གོང《སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་། སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ། “ལས་ཕྱོད་ཆེན་པོས་དོན་དག་གཅིག་བསྒྲུབ་རྒྱུར”སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད། སྤྱི་ཚོགས་འགན་སྲུང་གཱ་ཡིས་གྲོང་མིར་ཞབས་འདེགས་ཞུ་བའི“དོན་དག་གཅིག”དང་རྒན་ཡོལ་ཞུས་པའི“དོན་དག་གཅིག”སོགས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་ཞབས་ཞུའི་དོན་ཚན་དག་2024ལོའི་གཙོ་གནད་དོན་ཚན་གྱི་རྩིས་ཁྲའི་ནང་བཅུག་པ་རེད།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་ཚུང་ཤང་ཆུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ“དོན་དག་གཅིག”ལ་བརྟེན་ནས་སྲིད་དོན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མང་ཚོགས་དང་ཁེ་ལས་ཀྱིས་ལས་དོན་སྒྲུབ་པར་སྟབས་བདེ་སྐྲུན་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཚུང་ཤང་ཆུན་གྱིས་ང་ཚོས་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྒྲུབ་མང་ཤོས་ཀྱི་ཞབས་ཞུའི་དོན་ཚན་དེ་བས་མང་བ་རྒྱལ་ཡོངས་དང་ཧེ་བག་མེད་པར་བདག་སྤྲོད་དང་ཚད་གཞི་གཅིག་མཚུངས་ངང་སྒྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཞིང་ཆེན་ཁག་ལ་གཞི་གཅིག་ཅན་གྱི་ཆ་འཕྲིན་ལས་སྟེགས་གང་མགྱོགས་བསྐྲུན་རྒྱུར་མཛུབ་ཁྲིད་བྱས་ཏེ་ལས་སྒོ་མཉམ་འགུལ་དང་། གྲངས་གཞི་མཉམ་སྤྱོད། གཞི་གཅིག་ཅན་གྱི་སྒྲུབ་གཉེར་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ཁོང་གིས་ཕྱིས་འབྱུང་སྤྱི་ཚོགས་འགན་བཅོལ་གཱ་ཡི་གྲོང་མིའི་ཞབས་ཞུའི“གཱ་གཅིག་ཀུན་འཐུས”ཀྱི་ལས་སྟེགས་གྲངས་གཞི་ཅན་གྱི་རིམ་སྤོར་མགྱོགས་སུ་བཏང་ནས་ལས་སྒོ་ཧྲིལ་པོ་དང་། སྡེ་ཚན་ལས་བརྒལ་བ། ས་ཁུལ་ལས་བརྒལ་བ་བཅས་ཀྱི་གཱ་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་འགན་བཅོལ་གཱ་ཡི་སྨན་བཅོས་སྨན་ཉོ་དང་། འགྲིམ་འགྲུལ་ཕྱིར་སྐྱོད། རིག་གནས་ཉམས་ལེན་སོགས་ཁྱབ་ཁོངས་ཀྱི་བཀོལ་སྤྱོད་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་གཏོང་རྒྱུ་དང་། དངུལ་ཁང་དང་། སྦྲག་སྲིད་ཅུས། གཞི་རིམ་ལས་སྟེགས་སོགས་གཞི་རིམ་དུ་ཞབས་འདེགས་ཞུ་བར་བརྟེན་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དམངས་ཕན་ཞབས་ཞུའི་ཁྱབ་ཁོངས་ཀྱི་ནུས་པ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ་དང་། ཞབས་ཞུ་དེ་བས་མང་བ་ཐག་ཉེ་ས་ནས་གཉེར་བ་དང་། དོན་དག་མང་ཙམ་སྒྲུབ་པ། མགྱོགས་མྱུར་སྒྲུབ་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社