ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གིས་ནོར་སྟོད་སྡེ་ཁུལ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་པ། ཉེན་རྟོག་ལས་དོན་ཁང་གི་ལས་དོན་པ། གྲོང་ཁྱེར་དོ་དམ་མི་སྣ་བཅས་དང་མཉམ་འབྲེལ་ཐོག་ཚོང་དུད་དང་གྲོང་མིའི་སྡོད་ཁང་ལ་ཐོན་སྐྱེད་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱེད་རིང་ཞིབ་བཤེར་མི་སྣས་གཙོ་བོ་བཟའ་འཐུང་ལས་རིགས་དང་བོགས་གཏོང་ཁང་པའི་འབར་རླངས་ཀྱི་བདེ་འཇགས།རྡོ་སོལ་གྱི་དྲོད་ལེན། མེ་ཟོན་ཡོ་བྱད་བཅས་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་རེད། འབར་རླངས་མདོང་ལམ་གྱི་སྦྲེལ་མཐུད་བརྟན་པོ་ཡིན་མིན་དང་། འབར་རླངས་ཐབ་ཀ་རྒྱུན་ལྡན་ངང་སྤྱོད་ཐུབ་མིན། འབར་རླངས་ཀྱི་ཆུ་ཚོད་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་མིན་བཅས་ལ་ཞིབ་ཏུ་བལྟས་ཡོད། དུས་མཚུངས་ཞིབ་བཤེར་མི་སྣས་ད་དུང་གྲོང་མིར་འབར་རླངས་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་གྲོང་མིར་འབར་རླངས་བེད་སྤྱོད་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
ཚོང་ཁང་ཞིག་གི་ཚོང་གཉེར་བ་སྐུ་ཞབས་ཝུའུ་ལགས་ཀྱིས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གི་ལས་དོན་མི་སྣས་ང་ཚོའི་ཚོང་ཁང་དུ་མེ་གསོད་ཡོ་བྱད་དང་ཐབ་ཚང་གི་འབར་རླངས་ཐབ་སོགས་ལ་བརྟག་དཔྱད་ཞིབ་བཤེར་གནང་བར་ཕེབས་བྱུང་། ངས་དུས་དང་རྣམ་པ་ཀུན་ཏུ་ཚོང་ཁང་གི་ཐོན་སྐྱེད་བདེ་འཇགས་དོ་དམ་ལ་དོ་ཁུར་བྱས་ནས་བདེ་འཇགས་དོགས་ཟོན་གྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་སྐུ་མགྲོན་གྱི་བདེ་འཇགས་ལ་འགན་ལེན་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།
ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་འབར་རླངས་མདོང་ལམ་རྙིང་གྱུར་དང་མེ་གསོད་ཡོ་ཆས་ཀྱི་གནོན་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་ཚེ་ཞིབ་བཤེར་ཚོགས་ཆུང་གིས་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། དེ་དང་ཆབས་ཅིག་ཞིབ་བཤེར་མི་སྣས་ད་དུང་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཡུལ་དངོས་སུ་མཛུབ་ཁྲིད་དང་བཅོས་སྒྲིག་བྱས་པ་རེད།
བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའི་ཀྲུའུ་རེན་གཞོན་པ་དབྱང་ཆང་གིས་དེ་རིང་ང་ཚོ་དུད་ཚང་རེ་རེ་བཞིན་གྱིས་འབར་རླངས་མདོང་ལམ་དང་། འབར་རླངས་ཐབ་ཀ འབར་རླངས་ཆུ་ཚོད་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་གྲོང་མིར་འབར་རླངས་བེད་སྤྱོད་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། ང་ཚོས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་དེ་བས་བདེ་འཇགས་དང་ཞི་མཐུན་གྱི་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社