分享按钮

རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་དགོས།

(པར་ངོས་དང་པོར་མཐུད)དེ་ནི“རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཕེལ་རྒྱས་ཁྲོད་དུ་དེ་བས་གཞི་རྩར་འགྱུར་བ་དང་། དེ་བས་གཏིང་ཟབ་ཏུ་འགྱུར་བ། དེ་བས་ཡུན་རིང་དུ་འགྱུར་བའི་སྟོབས་ཤུཊ་ཤིག་ཡིན”ཞེས་བརྗོད་ཡོད།

མིག་སྔར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་འདི་ཉིད་འགག་རྩའི་དུས་སྐབས་སུ་སླེབས་ཡོད། རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གནས་པར་བྱེད་པར་མ་ཟད། དུས་རབས་གསར་པར་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འདི་ཉིད་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཁྲོད་དུ་མཉམ་འདྲེས་ཐུབ་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཚེ། བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་གཞི་ནས་བསམ་པའི་སྒུལ་ཤུགས་ཟམ་མི་ཆད་པར་སྦྱིན་ཐུབ།

དུས་བསྟུན་འཕེལ་རྒྱས་ཐུབ་པའི་རིག་གནས་ཀྱི་ལས་འགན་གསར་པས་ཀྲུང་ཧྭའི་རིག་གནས་མདུན་གྲལ་དུ་སྐྱོད་པའི་ཁ་ཕྱོགས་གསལ་པོར་བསྟན་ཡོད།

དེང་རབས་ཀྱི་ཀྲུང་གོི་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས་ཀྱིས་རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་དགོས་ལ་འཁུར་ཐུབ་ངེས་ཀྱང་ཡིན། གསར་གཏོད་ལག་ལེན་གྱི་ཁྲོད་དུ་རིག་གནས་གསར་གཏོད་དང་། ལོ་རྒྱུས་ཡར་ཐོན་གྱི་ཁྲོད་དུ་རིག་གནས་ཡར་ཐོན་ཡོང་བར་བྱེད་དགོས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་གནས་ཀྱི་ལས་འགན་གསར་པ”ཞེས་པའི་བརྗོད་གཞི་གལ་ཆེན་དེ་ཐོག་མར་བཏོན་ཡོད།

2023ལོའི་ཟླ་6པར་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བཞུཊ་མོལ་ཚོཊ་འདུ་འཚོཊ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་འཛུགས་སྐྱོང་ཐད་ནང་དོན་ཁག་བཅུ་བཞི་བསྟན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུའི་ལས་འགན་གལ་ཆེན་བཏོན་ཡོད་པས། ང་ཚོའི་དུས་རབས་འདིར་གཏོགས་པའི་རིག་གནས་གསར་པ་འཛུགས་སྐྱོང་བྱ་རྒྱུར་ཁ་ཕྱོགས་གསལ་པོར་བསྟན་ཡོད།

རིག་གནས་ཀྱི་ལས་འགན་གསར་པ་ལ་བརྟེན་ནས་རིག་གནས་དར་རྒྱས་གོང་འཕེལ་ཡོང་བའི་རྣམ་པ་ཁྲི་སྟོང་མང་པོ་གཏོད་དགོས་པ་སྟེ།

རྒྱལ་ཁབ་ཅིག་དང་མི་རིགས་ཤིག་སྟོབས་འབྱོར་མངའ་ཐང་རྒྱས་དགོས་ན། རིག་གནས་འདེགས་སྐྱོར་དུ་བྱེད་དགོས་པས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཀྲུང་ཧྭའི་རིག་གནས་དར་རྒྱས་སུ་གཏོང་རྒྱུ་དེ་ཆ་རྐྱེན་དུ་འཛིན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྣེ་ཁྲིད་འོག དུས་རབས་གསར་པའི་རིག་གནས་བྱ་གཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། མི་རིགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་དེའང་གཅིག་ལ་གཅིག་འགྲན་གྱིས་མངོན་བཞིན་ཡོད།

རིག་གནས་ཀྱི་ལས་འགན་གསར་པས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་མུ་མཐུད་སྔོག་འདོན་དང་རྒྱས་བཤད་གཏིང་ཟབ་དང་། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོའི་ཐོག་གི་ཤུལ་བཞག དཔེ་རྙིང་ནང་བྲིས་པའི་ཡི་གེ་བཅས་མི་དམངས་མང་ཚོགས་ཀྱི་སེམས་སུ་ཉིན་བཞིན་ཁྱབ་པར་བྱས་ཏེ། རང་རྒྱལ་གྱི་རིག་གནས་འཛུགས་སྐྱོང་ཐད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

རིག་གནས་ཀྱི་ལས་འགན་གསར་པར་བརྟེན་ནས་རིག་གནས་སྟོབས་ཆེན་གྱི་རྒྱལ་ཁབ་སྐྲུན་པའི་ཉམས་བརྗིད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་སྟེ།

རིག་གནས་དར་ན་རྒྱལ་ཁབ་དར། རིག་གནས་འཕེལ་ན་མི་རིགས་འཕེལ། དུས་རབས་གསར་པའི་རྒྱང་སྐྱོད་རླབས་པོ་ཆེར་རིག་གནས་ཀྱི་གདེང་ཚོད་ལས་ང་ཚོར་གཞི་ནས་ཡང་དག་པའི་འགྲོ་ལམ་སྲུང་བའི་ངེས་ཤུགས་དང་། མདུན་དུ་སྐྱོད་པའི་སྒུལ་ཤུགས། སྒྱུར་བཅོས་གསར་གཏོད་བྱེད་པའི་གསོན་ཤུགས་བཅས་ཐོབ་ཡོད།

རིག་གནས་ཀྱི་ལས་འགན་གསར་པས། རིག་གནས་ཀྱི་འཁོར་མདའི་ཐོག་ལངས་ནས་འདས་མ་ད་གསུམ་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྲོག་རྩ་བརྟན་པོར་སྲུང་བ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པ། རིག་གནས་ཀྱི་གདེང་ཚོད་ལ་བརྟེན་ནས་རིག་གནས་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ། བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད།རིན་ཐང་གི་ཁྲིད་སྟོན་ནུས་པ་དང་། རིག་གནས་གོང་བུར་འགྲིལ་ཤུགས། བསམ་པའི་སྒུལ་ཤུགས་བཅས་མཁོ་འདོན་བྱེད་དགོས་པའི་བློ་སྒོ་ཕྱེ་ཡོད།

རིག་གནས་ཀྱི་ལས་འགན་གསར་པས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་འགན་འཁྲི་བསྒྲགས་པ་སྟེ།

2022ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་ཨན་དབྱང་དབྱིན་ཞུའུ་རུ་རྟོག་ཞིབ་གནང་སྐབས། “ད་རེས་ཡོང་བའི་དམིགས་ཡུལ་ནི་ཀྲུང་ཧྭའི་ཤེས་དཔལ་ལ་སློབ་སྦྱོང་རྒྱུས་ལོན་དང་གནའ་བཟང་དེང་སྤྱོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་དེ་བས་ལེགས་པའི་སྒོ་ནས་འཛུགས་སྐྱོང་བྱེད་པར་དཔྱད་གཞི་མཁོ་འདོན་བྱ་རྒྱུ་དེ་ཡིན”ཞེས་གསུངས་ཡོད།

ལོ་ངོ་སྟོང་ཕྲག་མང་པོའི་རིང་། ཀྲུང་ཧྭ་མི་རིགས་འདི་ཉིད་རྒྱལ་ཁབ་བམ་ཡང་ན་མི་རིགས་གཞན་དང་མི་འདྲ་བའི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་བར་མི་ཆོད་པར་འཕེལ་རྒྱས་གཏོང་བཞིན་ཡོད།

རིག་གནས་ཀྱི་ལས་འགན་གསར་པས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་མཚོན་རྟགས་གཏོད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་དེང་རབས་ཀྱི་རིན་ཐང་དང་འཛམ་གླིང་གི་དོན་སྙིང་ལྡན་པའི་རིག་གནས་ཀྱི་སྙིང་བཅུད་བཏོན་ཏེ། འཛམ་གླིང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་སྙིང་སྟོབས་མཚོན་པ། ཀྲུང་གོའི་བློ་གྲོས་མངོན་པ་བཅས་ཀྱི་ཕུལ་བྱུང་གི་རིག་གནས་སྔར་བས་མང་བ་འོས་སྦྱོར་བྱེད་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བློ་སྒོ་ཕྱེ་ཡོད།

སྔ་འཛིན་ཕྱི་གཏོད་ཐུབ་པའི་རིག་གནས་ཀྱི་ལས་འགན་གསར་པས་ལོ་རྒྱུས་ཀྱི་འགན་འཁྲི་གསར་པ་འཁུར་ཡོད།

ཉེ་བའི་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2024ལོའི་ལོ་གསར་གྱི་ཤིས་ཚིག་སྒྲོན་སྐབས། བརྩེ་བ་ཟབ་མོས“ལེང་ཀྲུའུ་དང་ཨེར་ལི་ཐོའུ་ནས་འཕྲོས་པའི་ཤེས་དཔལ་གྱི་འོད་སྣང་དང་། དབྱིན་ཞུས་རུས་བརྐོས་ཡི་གེའི་རྒྱུན་འཛིན། སན་ཤིང་ཏུའེ་ཡི་རིག་གནས་ཀྱི་གཅེས་ནོར། རྒྱལ་ཁབ་དཔར་མའི་རྟེན་མཛོད་ཁང་གི་རིག་གནས་ཀྱི་རྒྱུན་བཅས་ལས་ཀྲུང་ཧྭ་ཡི་ལོ་རྒྱུས་ནི་ཅི་འདྲའི་ཡུན་རིང་བ་དང་། ཤེས་དཔལ་ནི་ཇི་འདྲའི་འབྱམས་ཀླས་པ་ཞིག་ཡིན་པ་མཚོན་ཐུབ། དེ་དག་ནི་ང་ཚོའི་བློ་སྤོབས་ཀྱི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན”ཞེས་གསུངས་ཡོད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་དེ་རིག་གནས་དར་རྒྱས་དང་། རིག་གནས་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིཊ་ཀྱི་དེང་རབས་ཤེས་དཔལ་འཛུཊ་སྐྱོང་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ན། ང་ཚོས་སྤྱི་ཚོགས་ཀྱི་འཕོ་འགྱུར་ཁྲོད་ཐོན་པའི་རིག་གནས་ཀྱི་སྣེ་འཁྲིད་ནུས་པ་གལ་ཆེན་ཁོང་དུ་ཆུད་པར་བྱས་ནས་དགེ་མཚན་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཤུཊ་སྔར་བས་མངོན་པར་བྱེད་དགོས།

རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ལེགས་པར་འཁུར་དགོས་ན། གདེང་ཚོད་དང་རང་ཚུགས་ཀྱི་གཤིས་རྒྱུད་བརྟན་པོར་སྲུང་དགོས་པ་སྟེ།

2023ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་སན་ཤིང་ཏུའེ་རྟེན་རྫས་ཁང་དུ་ཕེབས་སྐབས། “བལྟས་རྗེས།མི་རིགས་ཀྱི་སྤོབས་པ་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་སོང་། ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་ཤེས་དཔལ་གཟི་བརྗིད་དང་ལྡན་པ་ཞིག་རེད། དེ་བས་རིང་བའི་ཀྲུང་ཧྭའི་ཤེས་དཔལ་ཤེས་རྟོགས་དང་སྔོག་འདོན་བྱ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད”ཅེས་གསུངས་པ་རེད།

ལོ་ངོ་ལྔ་སྟོང་ལྷག་གི་ཤེས་རིག་འཕེལ་རྒྱས་ཁྲོད་དུ་གསོ་སྐྱོང་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། ཏང་དང་མི་དམངས་ཀྱིས་འཐབ་རྩོད་རླབས་པོ་ཆེའི་ཁྲོད་དུ་སྐྱེད་སྲིང་བྱས་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ནི། ང་ཚོ་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་ལངས་ཐུབ་པའི་བསམ་པའི་འདེགས་སྐྱོར་ཆེན་པོ་ཞིག་རེད།

རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་གནས་ལུགས་ལ་བརྟེན་ནས་ཀྲུང་གོའི་ཉམས་མྱོང་ཕྱོགས་བསྡོམས་ཡག་པོ་བྱེད་པ། ཀྲུང་གོའི་ཉམས་མྱོང་དེ་ཀྲུང་གོའི་རིགས་པའི་གཞུང་ལུགས་སུ་རིམ་སྤོར་བྱེད་པ། བསམ་པའི་ཐོག་གི་རང་ཚུགས་རང་བདག་མངོན་འགྱུར་བྱེད་པ་བཅས་བྱས་ཚེ། གཞི་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ།

རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ལེགས་པར་འཁུར་དགོས་ན། འགན་འཁུར་སྒོ་དབྱེ་ཁོང་ཡངས་བཅས་ཀྱི་བློ་རྒྱ་ལྡན་དགོས་པ་སྟེ།

2023ལོའི་ཟླ་9ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་གསོལ་སྟོན་བཤམས་ནས་ཀྲུང་གོར་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་སྐབས་19པའི་འགོ་ཚུགས་མཛད་སྒོར་ཕེབས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། ཀྲུང་གོའི《ཇ་འཐུ་བའི་རོལ་དབྱངས》དང་། སི་རི་ཡའི《ཕུགས་འདུན་ཁྲོད་ཀྱི་མེ་ཏོག》 ནེ་པ་ལའི《དར་གོས་ཀྱི་བྲོ》སོགས་ལ་བརྟེན་ནས་ཤེས་དཔལ་མི་འདྲ་བའི་མཛེས་པ་ཐུན་མོང་དུ་མྱོང་རོལ་གནང་ཡོད།

ཀྲུང་ཧྭའི་ཤེས་དཔལ་ནི་གནའ་སྔ་མོ་ནས་བཟུང་སྒོ་དབྱེ་ཁོང་ཡངས་ཀྱི་ཐོག་ནས་སྐད་གྲགས་ཆོད་ཅིང་། ཤེས་དཔལ་གཞན་དག་དབར་སྤེལ་རེས་བྱེད་པ་དང་དཔྱད་གཞིར་འཛིན་པའི་ཁྲོད། སྐྱེ་སྟོབས་གསར་པ་ཟམ་མི་ཆད་པར་འཕེལ་ཡོད། ང་ཚོས་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་བློ་རྒྱར་བརྟེན་ནས་རྒྱལ་ཁབ་ཁག་དབར་རིག་གནས་སྤེལ་རེས་སྔར་བས་བྱས་ནས། འཛམ་གླིང་གི་ཤེས་རིག་གི་གྲུབ་འབྲས་ཕུལ་བྱུང་ཐམས་ཅད་ལ་རང་འགུལ་གྱིས་སློབ་སྦྱོང་བྱས་ཏེ། ཀྲུང་ཧྭའི་རིག་གནས་འཛམ་གླིང་དུ་སྔར་ལས་ལེགས་པར་མངོན་པར་སྐུལ་འདེད་གཏོང་དགོས།

རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ལེགས་པར་འཁུར་དགོས་ན། གཞུང་དྲང་གསར་གཏོད་ཀྱི་སྲོལ་བཟང་སྐྱོང་དགོས་པ་སྟེ།

2023ལོའི་ཟླ་5པར་ཧུང་ཧྲན་རྗེས་ཤུལ་དང་ལེའང་ཀྲུའུ་རྗེས་ཤུལ་སོགས“ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་ཀྱི་གྲངས་གཞིའི་སྒྱུ་རྩལ་འགྲེམས་སྟོན”སྤེལ་འགོ་ཚུགས་ཤིང་། གནའ་བོའི་ཤེས་རིག་ལས་གསོན་ཤུགས་གསར་པ་འཕྱུར་ཡོད།

གཞུང་དྲང་བྱས་ཚེ་གཞི་ནས་ཁ་ཕྱོགས་མི་ནོར་བ་དང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཐོན་མི་སྲིད། གསར་གཏོད་བྱས་ཚེ་གཞི་ནས་དུས་རབས་ལ་སྟངས་འཛིན་དང་སྣེ་ཁྲིད་བྱེད་ཐུབ། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུར་གཞུང་དྲང་དང་གསར་གཏོད་མཐའ་འཁྱོངས་ཀྱིས་རྒྱུན་འཛིན་ཁྲོད་ཕྱོགས་སྒྱུར་དང་སློབ་སྦྱོང་ཁྲོད་ཐོད་བརྒལ་བྱས་ཚེ། གཞི་ནས་རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་དཔལ་ལ་དེ་བས་ཡིད་དབང་འཕྲོག་པའི་ཁྱད་ཆོས་ལྡན་ཐུབ་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ།

ཞི་ཅིན་ཕིང་གི་རིག་གནས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་ལ་བརྟེན་ནས་བྱ་གཞག་དར་བ་དང་། རིག་གནས་ལ་བརྟེན་ནས་རྩ་བ་རྒྱས་པ། རིག་གནས་ལ་བརྟེན་ནས་བསམ་པ་འཛུགས་པ། རིག་གནས་ལ་བརྟེན་ནས་བླ་སྲོག་གཏོད་པ་བཅས་བྱེད་དགོས་པ་དང་། ངེས་པར་དུ་རིག་གནས་ཀྱི་ལས་འགན་གསར་པ་སྔར་ལས་ལེགས་པར་ཁུར་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་འབྱོར་བའི་གློག་འཕྲིན)

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174606.html 1 རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་དགོས། /enpproperty-->