ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།
ཟླ་1ཚེས་18ཉིན་རང་གྲོང་དུ་གཞི་ཁྱོན་ཆེ་བའི་གངས་འབབ་པའི་གནམ་གཤིས་བསྟན་ནས་ལམ་ངོས་སུ་གངས་གསོག་ཐེབས་པ་དང་ལམ་བུར་འཁྱགས་པ་ཐེབས་པའི་སྣང་ཚུལ་ཐོན་ཡོད།ཁ་བ་ཆེན་པོ་འབབ་པའི་ཁྲོད་དུ།མི་ཚོགས་ཞིག་གིས་ཁ་དོག་མི་འདྲ་བའི་གྱོན་ཆས་གྱོན་ཡོད་མོད།འོན་ཀྱང་ཚང་མ་ཕྱི་རོལ་ཏུ་བྲེལ་འཚུབ་ཀྱིས་གངས་ཕྱགས་ནས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་གྲོང་ཁྱེར་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་པར་འགན་ལེན་བྱས་ཡོད།
ཞོགས་པ་སྔ་པོ་ནས་བོད་ལྗོངས་པོ་རུའེ་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཚད་ཡོད་ཀུང་སིའི་ཁོར་ཡུག་གཙང་སྦྲའི་ལས་དོན་མི་སྣ་ཚོ་ས་ཡུལ་དངོས་སུ་ལས་ལ་བྲེལ་ཞིང་།ཁོང་ཚོས་སྦྱག་མ་དང་།ཕྱགས་མ།ཐེར་གེ་སོགས་ཡོ་བྱད་སྤྱད་ནས་འགྲོ་ལམ་ཐོག་གི་གངས་རྣམས་ནུས་ཤུགས་ཡོད་རྒུས་གཙང་སེལ་བྱེད་ཀྱི་ཡོད།གད་པ་སྒྲོལ་དཀར་གྱིས་ང་ཚོས་ཞོགས་པ་ཆུ་ཚོད་དྲུག་པར་ལས་ཀར་འགྲོ་གི་ཡོད།དེ་དུས་གངས་ཧ་ཅང་ཆེན་པོ་བབས་སོང་།ང་ཚོས་ནུས་ཤུགས་ཡོད་རྒུས་གངས་གསོག་ཕྱགས་ནས་ཚང་མའི་འགྲོ་སྐྱོད་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།
ལམ་ལྔ་མདོ་ཁར་བོད་ཀྱི་དགུང་སྔོན་རོགས་སྐྱོབ་རུ་ཁག་གི་རུ་མི་དང་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཚོས་གངས་ཁྲོད་དུ་འབད་འཐབ་བྱས་ནས་སྦྱག་མ་དང་ཕྱགས་མ་སོགས་ཡོ་བྱད་སྤྱད་དེ་འགྲོ་ལམ་ཐོག་གི་གངས་ཕྱགས་པ་དང་འབྲེལ་ཚྭ་གཏོར་ནས་ལམ་ངོས་ལ་འཁྱགས་པ་བཞུར་བར་བྱས་ཡོད།བོད་ཀྱི་དགུང་སྔོན་རོགས་སྐྱོབ་རུ་ཁག་གི་རུ་མི་ཚོས་མི་དམངས་ཉེན་རྟོག་པར་རླངས་འཁོར་ཁྲིད་སྟོན་བྱེད་རོགས་བྱས་ནས་གྲོང་མི་རྣམས་འགྲོ་སྐྱོད་བདེ་འཇགས་ཡོང་བའི་འགན་ལེན་བྱས་པ་རེད།ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ལྟ་ཞིབ་རུ་ཆེན་གྱི་རུ་དཔོན་བློ་བཟང་རྟ་མགྲིན་གྱིས་དེ་རིང་གངས་བབས་པའི་རྐྱེན་གྱིས་ཁོངས་གཏོགས་ཁུལ་གྱི་ས་ཆ་མང་པོའི་ལམ་ངོས་ལ་འཁྱགས་པ་ཐེབས་པ་དང་འདྲེད་ཤུད་རྒྱག་པའི་སྣང་ཚུལ་ཐོན་ནས་མང་ཚོགས་འགྲོ་སྐྱོད་མི་བདེ་བར་གྱུར་ཡོད།ང་ཚོས་ལས་རོགས་ཉེན་རྟོག་པ་དང་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གངས་ཕྱགས་པ་དང་འཁྱགས་པ་མེད་པར་བཟོས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཤར་བགྲོད་ཐུབ་རྒྱུ་འགན་ལེན་བྱས་ཡོད་ཅེས་བཤད་པ་རེད།
ཉིན་དེར་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིས་གངས་བབས་པ་དེ་བཀའ་རྒྱར་བརྩིས་ནས་གངས་ཆར་འབབ་པའི་གནམ་གཤིས་ཀྱི་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་ལེན་བསྟར་ཞིང་།ཁ་ལོ་བ་450དང་།ཐོན་སྐྱེད་དང་དོ་དམ་མི་སྣ་100ལྷག་ཙམ་འཐབ་ཕྱོགས་མདུན་མར་ཧུར་ཐག་ཞུགས་ནས་གངས་རླུང་ལ་མི་སྐྲག་པར་ལས་གནས་བརྟན་སྲུང་གིས་གྲོང་མི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཕྱིར་སྐྱོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
གངས་གསོག་དང་ལམ་ངོས་ལ་འཁྱགས་པ་ཐེབས་པའི་ཁྲོད་དུ་སྤྱི་སྤྱོད་རླངས་འཁོར་དང་འགྲུལ་པར་བདེ་འཇགས་འགན་ལེན་བྱ་ཆེད།ཀུང་སིས་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བར་ངེས་པར་དུ་མྱུར་ཚད་དལ་དུ་དང་མྱུར་ཚད་འཚམ་པོ་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད།ལམ་ཐིག་5པ་དང་།ལམ་ཐིག་21པ།ལམ་ཐིག་27པ།ལམ་ཐིག་32པ།ལམ་ཐིག་35པ།ལམ་ཐིག་K03བཅས་སྐྱེལ་འདྲེན་མཚམས་འཇོག་པའི་བྱ་ཐབས་སྤྱད་པ་དང་།ལམ་ཐིག་14པ་དང་།ལམ་ཐིག་15པ།ལམ་ཐིག་33པ་བཅས་ཀྱི་ལམ་དུམ་བུ་ཁག་གཅིག་ཏུ་གངས་གསོག་ཐེབས་ཚད་མང་བས།སྤྱི་སྤྱོད་རླངས་འཁོར་གཏོང་བའི་ས་ཚིགས་གནས་སྐབས་ལེགས་སྒྲིག་བྱས་ནས་རླངས་འཁོར་གཏོང་བའི་བདེ་འཇགས་འགན་ལེན་བྱས་པ་དང་།ཚེས་18ཉིན་གྱི་ཉིན་དགུང་ཆུ་ཚོད་12ཙམ་ལ་སླེབས་སྐབས་ལམ་ངོས་སུ་གངས་འཁྱགས་ཐེབས་པའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་རྗེས་ལམ་ཁག་གི་སྤྱི་སྤྱོད་རླངས་འཁོར་གཅིག་རྗེས་གཉིས་མཐུད་ངང་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པ་བྱུང་ཡོད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社