分享按钮

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་ཁོའོ་དང་ཁང་གིས་མཉམ་འབྲེལ་ཐོག་ཁྲེང་ཀོན་ཆུས་ཀྱི་བཟའ་བཅའི་ཐོན་སྐྱེད་ཁེ་ལས་དང་དེ་བཞིན་སྨན་རྫས་དང་སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཚན་པ་ཁག་གཅིག་ལ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱེད་རིང་།ཁྲོམ་ར་ཁྲིམས་འཛིན་མི་སྣས་དཀར་ཆུའི་ཐོན་རྫས་དང་།ཐུམ་སྒྲིལ་གྱི་འཐུང་ཆུ།ཞིམ་ཟས་དང་སྨན་རྫས་བཅས་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་ཤིང་།བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་གསོག་ཉར་དང་།བཟོ་གྲྭའི་ཁོར་ཡུག་འཕྲོད་བསྟེན།ལས་དོན་པའི་བདེ་ཐང་གི་གནས་ཚུལ།སྒྲིག་ཆས་འཁོར་སྐྱོད།བཟའ་བཅའི་སྦྱོར་རྟ་བེད་སྤྱོད་བྱས་ཚུལ་སོགས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་།སྨན་རྫས་དང་སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཁེ་ལས་ཀྱི་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་ཞིབ་བཤེར་རྩིས་ལེན་དང་།གསོག་ཉར་བདག་སྐྱོང་།ཕན་ནུས་དྲིལ་བསྒྲགས།རིན་གོང་གསལ་འགོད་སོགས་ཀྱི་ཐད་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།ཁྲིམས་འཛིན་མི་སྣས་ཐུམ་སྒྲིལ་རྒྱུ་ཆ་དང་བཟོས་གྲུབ་མཉམ་བསྲེས་ངང་བཞག་པ་མ་ཟད།འཁོར་རྒྱུག་ཐོ་འགོད་དུས་ཐོག་ཏུ་མ་བྱས་པ།ཁག་ཐེངས་གཅིག་པའི་སྨན་རྫས་ཞིབ་བཤེར་སྙན་ཞུ་དུས་ཐོག་ཏུ་མ་ལེན་པ་སོགས་ཀྱི་གནད་དོན་ཤེས་རྟོགས་ཐུབ་ནས་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུའི་བསམ་འཆར་བཏོན་པ་རེད།

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཟའ་བཅའ་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་རིག་འཛིན་དོན་གྲུབ་ཀྱིས་དུས་ཆེན་གཉིས་གོང་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ཏན་ཏིག་བསྒྲུབས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་ཆེད།ང་ཚོས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་གྲོང་མི་མང་ཚོགས་རྣམས་སྤྲོ་སྣང་དང་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཞིག་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-20 6 6 拉萨日报藏文 c174268.html 1 གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ། /enpproperty-->