ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།སྐལ་བཟང་མེ་ཏོག་བཞད་ཅེས་པའི་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་སྐབས་ལྔ་པའི་སྒར་ས་དེ་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་དུ་གཉེར་འགོ་ཚུགས་པ་རེད།
སྐལ་བཟང་མེ་ཏོག་བཞད་ཅེས་པའི་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་སྐབས་ལྔ་པའི་སྒར་སས་མལ་གྲོ་གུང་དཀར་རྫོང་གི་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་ལས་གཏོད་ལ་རོགས་རམ་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས“1+3+N”ཡི་གསོ་སྦྱོང་བྱེད་སྟངས་ལག་ལེན་བསྟར་བ་སྟེ།ཟླ་བ་གཅིག་རིང་གི་བཀག་སྡོམ་རྣམ་པའི་སྦྱོང་བརྡར་དང་ཟླ་བ་གསུམ་གྱི་ལྟ་སྦྱོང་བྱེད་དུ་བཅུག་ནས་དོ་དམ་བྱ་ཐབས་སྣ་ཚོགས་ཤེས་པར་བྱས་ཏེ།ལས་གནས་གང་རུང་ཞིག་ཏུ་ལས་ཞུགས་དང་ལས་གཏོད་གང་རུང་ཞིག་བྱེད་ཐུབ་བཟོ་ཡོད་པ་རེད།དེའི་ནང་དུས་ཡུན་ཟླ་བ་གཅིག་རིང་དམིགས་བསལ་སྦྱོང་བརྡར་སྒར་སས་རིགས་པའི་གཞུང་ལུགས་ཀྱི་ཟུར་ཁྲིད་དང་།གྱོད་དཔེའི་དབྱེ་ཞིབ།ཉམས་མྱོང་མཉམ་སྤྱོད།ལྟ་སྐོར་མྱོང་ཚོར།ལག་ལེན་ལྟ་སྦྱོང་བཅས་གཙོ་བོར་བྱ་རྒྱུ་ཡིན་པ་རེད།དམིཊ་བསལ་སྦྱོང་བརྡར་མཇུག་འགྲིལ་རྗེས་ཟླ་གསུམ་རིང་ལྟ་སྦྱོང་བྱས་ནས་སློབ་མའི་སྤྲོ་སྣང་དང་།ཆེད་ལས།ནུས་པ་བཅས་ལ་གཞིཊ་ཏེ་འབྲེལ་ཡོད་ཁེ་ལས་ཀྱི་ལས་གནས་མི་འདྲ་བའི་ཐོག་ལྟ་སྦྱོང་བྱ་རྒྱུའི་འོས་སྦྱོར་བྱ་རྒྱུ་རེད།
དེ་སྔའི་སྐབས་དང་མི་འདྲ་བར་འདི་ལོ་ང་ཚོས་ལས་གནས་གཏན་འཁེལ་གྱི་གསོ་སྦྱོང་མང་དུ་བཏང་བའི་ནང་སློབ་མ་13ལ་གནད་སྨིན་གསོ་སྦྱོང་བྱས་པ་དང་ལས་གནས་ནང་ནད་གཡོག་དང་།ཀོག་ཧྥེ་སྦྱོར་མཁན།མེ་ཟོན།འཕྲལ་སྡོམ་དོ་དམ་ལས་གནས་བཅས་ཚུད་ཡོད།ལྟ་སྦྱོང་མཇུག་འགྲིལ་རྗེས་སློབ་མ་གཞན་དག་15ཡིས་ནན་ཅིང་དང་མལ་གྲོ་གུང་དཀར་རྫོང་གཉིས་སུ་ལས་ཞུགས་སམ་ལས་གཏོད་གདམ་ག་བྱེད་ཆོག་གི་ཡོད་ཅེས་མལ་གྲོ་གུང་དཀར་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་ངག་དབང་ཆོས་སྒྲོན་གྱིས་བཤད།
འདི་ལོ་ལོ་23ལ་སླེབས་པའི་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་ནས་ཡིན་པའི་འཕྲིན་ལས་བདེ་སྐྱིད་ནི་སྐབས་འདིའི་དམིགས་བསལ་སྦྱོང་བརྡར་རྟེན་གནས་ཀྱི་སློབ་མ་28ཀྱི་གྲས་ཤིག་ཡིན།ཁོང་གིས་ངས་ད་རེས་ནན་ཅིང་དུ་སློབ་སྦྱོང་བྱེད་པར་ཡོང་བའི་གོ་སྐབས་ལ་གཅེས་སྤྲས་བྱེད་ཀྱི་ཡོད།མེ་ཟོན་ལས་རིགས་དེ་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་ལས་རིགས་ཤིག་ཡིན་པས།ངས་མེ་ཟོན་ཆེད་ལས་ཀྱི་རྩལ་ནུས་ཤེས་བྱ་སློབ་སྦྱོང་ནན་ཏན་བྱས་ནས་སྦྱངས་འབྲས་ཐོན་རྗེས་ཕ་ཡུལ་དུ་ལོག་སྟེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
ཅང་སུའུ་ཞིང་ཆེན་གྱིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མདུན་ཕྱོགས་བཀོད་འདོམས་པུའུ་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ནན་ཅིང་གྲོང་ཁྱེར་གྱིས་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་ཆུང་གིས་ལས་ཞུགས་བོད་སྐྱོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཐེམ་ཁུངས་མལ་གྲོ་གུང་དཀར་རྫོང་ནས་ཡིན་པའི་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་སྟེགས་བུ་བཏོད་དེ་སློབ་གྲྭ་ཆེན་མོ་བ་སློབ་ཁང་དང་སློབ་གྲྭ་ནས་ཁ་བྲལ་ཏེ་སྤྱི་ཚོགས་དང་ཁེ་ལས་སུ་སྦྱོང་བརྡར་བྱེད་པར་བསྐྱོད་དེ་ལས་ཞུགས་བྱ་རྒྱུའི་གྲ་སྒྲིག་་བྱས་ནས་སློབ་གྲྭ་ཐོན་ནས་ལས་ཞུགས་ཀྱི་མཐའ་མའི་འགག་གནད་སྒྲོལ་ཐབས་བྱས་པ་དང་།མིག་སྔའི་བར་ཁག་དང་པོ་ནས་བཞི་པའི་བར་གྱི་དམིགས་བསལ་སྦྱོང་བརྡར་སྒར་སའི་སློབ་མ་121བདེ་བླག་ངང་སློབ་མཇུག་འགྲིལ་ནས་ལས་ཞུགས་ཐུབ་ཚད་བརྒྱ་ཆ་100ཟིན་ཏེ་མལ་གྲོ་གུང་དཀར་རྫོང་གི་ཤེས་ལྡན་པ་གསོ་སྐྱོང་དང་སློབ་གྲྭ་ཆེན་མོ་བའི་ལས་ཞུགས་ལས་གཏོད་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་གསར་པ་ཞིག་བཏོད་པ་རེད།
རྗེས་མར་མལ་གྲོ་གུང་དཀར་རྫོང་གིས་དམིགས་བསལ་གསོ་སྦྱོང་སྒར་སའི་ལས་ཞུགས་ལས་གཏོད་ཀྱི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་སྟེ་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་དང་ཕྱོགས་མང་པོའི་ཐོན་ཁུངས་གཅིག་སྡུད་བྱས་ནས་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་གསོ་སྐྱོང་དང་སྐྱེད་སྲིང་བྱས་ནས་ཤེས་ལྡན་མི་སྣ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社