分享按钮

སྟག་རྩེ་ཆུས་ཀྱིས་ཁོར་ཡུག་བཅོས་སྒྲིག་འཛུགས་སྐྲུན་ལས་གྲྭ་ཁག་10ལ་དུས་གཅིག་ཏུ་སྐུལ་འདེད་བཏང་བ།

མིའི་འཚོ་སྡོད་ཁོར་ཡུག་གི་རྣམ་པ་ལེགས་སུ་དང་སྤུས་ཚད་མཐོ་རུ་ཕྱིན་པ།

པར་འདི་ནི་ཧུའུ་ཧྥུང་ལམ་ཆེན་གྱི་ཁོར་ཡུག་བཅོས་སྒྲིག་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་མི་འགྲོ་སའི་ལམ་གྱི་ས་སློག་བཞིན་པའི་རྣམ་པ་ཡིན་པ།

ལི་མདོག་ཅན་གྱི་སྐྱོར་ར་གསར་རྐྱང་དང་།མཛེས་རྒྱན་སྤྲས་པའི་གློག་སྒྲོན། བཀྲག་མདངས་ཆེ་བའི་ལྕགས་རི། བོད་བཟོའི་ཉམས་འགྱུར་ལྡན་པའི་ཚོང་ཁང་གི་སྒོ་བྱང་། ཡངས་ཤིང་རྒྱ་ཆེ་བའི་རླངས་འཁོར་འཇོག་ས། གཙང་ལ་འོད་ཐིང་ངེར་གནས་པའི་ལམ་ངོས་སོགས་2023ལོའི་ཟླ་11པར།སྟག་རྩེ་ཆུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་དང་ཟུང་འབྲེལ་གཏིང་ཟབ་བྱས་ནས་སྟག་རྩེ་ཆུས་ཀྱི་ཧུའུ་ཧྥུང་ལམ་ཆེན(སྟག་རྩེའི་ཟམ་ཆེན་ནས་ཧུའུ་ཧྥུང་ལམ)གྱི་ཁོར་ཡུག་བཅོས་སྒྲིག་འཛུགས་སྐྲུན་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་སྟེ་སྤུས་ཚད་ཡོད་པའི་ཐོག་ནས་དམངས་འཚོར་ཕན་པ་བསྐྲུན་པས།མང་ཚོགས་ལ་ཉེ་འགྲམ་གྱི་འགྱུར་ལྡོག་དངོས་ཚོར་ཐུབ་པ་དང་མཛེས་སྡུག་ལྡན་པའི་མིའི་འཚོ་སྡོད་ཁོར་ཡུག་མཉམ་དུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།

རྨང་གཞིའི་སྒྲིག་བཀོད་སྔར་བས་ལེགས་སུ་འགྲོ་རྒྱུ་ཡིན་པ།

སྟག་རྩེ་ཆུས་ཀྱིས་གྲོང་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཆུས་ཨུད་དང་ཆུས་སྲིད་གཞུང་གིས་དུས་འགོའི་གནས་ཚུལ་ཐེངས་མང་ཉན་པ་དང་། ཨར་སྐྲུན་ཇུས་གཞིར་ཞིབ་འཇུག་བྱས་པ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་ཞིབ་ཚགས་བཅས་བྱས་པ་བརྒྱུད། 2023ལོའི་ལོ་མཇུག་ཏུ་རིམ་པ་དེ་གའི་ནོར་སྲིད་མ་དངུལ་ཁྲོད་ནས་སྒོར་ཁྲི་2000ལྷག་ཙམ་བཏང་སྟེ་སྟག་རྩེ་ཆུས་ཧུའུ་ཧྥུང་ལམ་ཆེན་གྱི་ཁོར་ཡུག་བཅོས་སྒྲིག་འཛུགས་སྐྲུན་ལས་གྲྭར་དངོས་སུ་སྐུལ་འདེད་བཏང་ཞིང་། རྣམ་གྲངས་དེའི་ཁྲོད་རླངས་འཁོར་འཇོག་ས་སྐྲུན་པ་དང་། ལམ་ངོས་བཟོ་བཅོས་རྒྱག་པ།ལམ་སྒྲོན་བརྗེ་བ། ཆུ་སྲུང་འཛིན་དང་བདེ་སྤྱོད་ལེགས་པའི་གྲོང་ཁྱེར་གཏོད་པ་སོགས་ཀྱི་ལས་གྲྭ་ཁག་10ཚུད་ཡོད་པ་རེད།མིག་སྔར་རྣམ་གྲངས་ཁྱོན་ཡོངས་ཀྱི་བརྒྱ་ཆ་70ལེགས་གྲུབ་ཟིན་པ་དང་།སྔོན་དཔག་བྱས་ན་2024ལོའི་ཟླ་1ཚེས་20ཉིན་གོང་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།རྣམ་གྲངས་བསྐྲུན་ཟིན་རྗེས།སྟག་རྩེ་ཆུས་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བར་ལེགས་སུ་འགྲོ་རྒྱུ་དང་གྲོང་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་ཡོང་རྒྱུ་རེད།

ཧུའུ་ཧྥུང་གྲོང་ཁྱེར་འཛུགས་སྐྲུན་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་སྐལ་བཟང་ཆོས་འཕེལ་གྱིས་ཨར་ལས་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ང་ཚོས་རྣམ་གྲངས་ཀྱི་སྤུས་ཚད་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱུ་ཆའི་སྤུས་ཚད་སྔོན་ལ་བཟོ་གྲྭར་ལྟ་ཞིབ་བྱས་རྗེས་དངོས་དཔེ་འཁྱེར་ནས་ཡུལ་དངོས་སུ་སྤུས་ཚད་ལ་ཞིབ་དཔྱད་ཚད་ལེན་བྱེད་ཀྱི་ཡོད། ཚད་གཞི་ལོན་རྗེས་གཞི་ནས་བེད་སྤྱོད་གཏོང་གི་ཡོད། རྒྱུ་ཆ་ཆུང་ཆུང་རེ་རེ་ནས་ལས་རིམ་རེ་རེའི་བར་ང་ཚོས་ཧོལ་རྒྱུགས་གཏན་ནས་མི་ཤོར་བ་བྱེད་ཀྱི་ཡོད་ཅེས་བཤད།

རླངས་འཁོར་འཇོག་ཁུལ་7གསར་དུ་བསྐྲུན་པས་རླངས་འཁོར་འཇོག་ས་1200ཡོད་པ།

གྲོང་མི་སྒྲོལ་མས་ད་ཆ་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོད་པའི་གློག་སྒྲོན་རེ་རེ་དང་།ལམ་ངོས་གསར་རྐྱང་།གད་སྙིགས་བླུག་སྣོད།རླངས་འཁོར་འཇོག་ས་བཅས་རྨང་གཞིའི་སྒྲིག་བཀོད་སྔར་བས་ལེགས་སུ་ཕྱིན་ཡོད། རྒྱུན་སྡོད་གྲོང་མི་ཞིག་གི་ངོས་ནས་བརྗོད་ན་ཕན་པ་ཆེན་པོ་ཐོབ་བྱུང་ཞེས་བཤད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སྟག་རྩེ་ཆུས་སུ་ན་ནིང་གི་ལོ་མཇུག་ཏུ་རླངས་འཁོར་འཇོག་ཁུལ་7གསར་དུ་བསྐྲུན་པས་རླངས་འཁོར་འཇོག་ས་1200ཡོད་པ་ཚང་མ་མིག་སྔར་བེད་སྤྱོད་གཏོང་འགོ་ཚུགས་ཡོད། ཆུས་ནང་ཁུལ་གྱི་སྣུམ་བླུག་ས་ཚིགས་རྒྱབ་ཀྱི་སྤྱི་པའི་རླངས་འཁོར་འཇོག་ས་ཞིག་ཏུ་རླངས་འཁོར་30ལྷག་ཙམ་གོ་རིམ་ལྡན་པའི་ངང་བཞག་ཡོད་པ་དང་། རླངས་འཁོར་རྒྱུན་ཆད་མེད་པར་འགྲོ་འོང་བྱེད་བཞིན་ཡོད། གྲོང་མི་བསོད་ནམས་ཀྱིས་དེ་སྔོན་གནས་འདིར་རླངས་འཁོར་འཇོག་ཁག་པ་དང་།ཁྱིམ་དུ་ལོག་པ་ཕྱིས་དྲག་ཚེ་རླངས་འཁོར་འཇོག་ས་མེད།ད་ཆ་རླངས་འཁོར་འཇོག་ས་གསར་དུ་བསྐྲུན་པས་སྟབས་བདེ་པོ་འདུག་ཅེས་བཤད།

ལམ་དུམ་ཁག་གཅིག་ཏུ་རླངས་འཁོར་འཇོག་དཀའ་བ་དང་རླངས་འཁོར་འཇོག་ས་ཉུང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། སྟག་རྩེ་ཆུས་ཀྱིས་ཡུལ་བབ་དང་བསྟུན་པའི་རྩ་དོན་ལྟར་ས་ཆ་ཐར་ཐོར་སྤྱད་དེ་ས་ཆའི་ཐོན་ཁུངས་བསྡུ་སྒྲིལ་དང་ལེགས་སུ་བཏང་ཞིང་། ན་ནིང་ལོ་མཇུག་ཏུ་བདེ་ཆེན་གྲོང་རྡལ་སྲིད་གཞུང་གི་མདུན་ངོས་དང་། བདེ་སྐྱིད་སྡེ་ཁུལ་གྱི་ཁོངས་གཏོངས། བདེ་ཆེན་གྲོང་ཚོའི་ཚོགས་ཆུང་དྲུག་པ། བདེ་ཆེན་གྲོང་ཚོའི་ཚོགས་ཆུང་བདུན་པ། ཀྲུང་གོ་རྡོ་སྣུམ་བླུག་སྣོན་ས་ཚིགས་ཀྱི་རྒྱབ་ངོས།ཆིན་ཆིའུ་ལིན་ཡུག་ཁུལ་བཅས་སུ་རླངས་འཁོར་འཇོག་ས་གསར་དུ་བསྐྲུན་རྗེས་གྲོང་མིའི་འཁོར་འཇོག་གི་དགོས་མཁོ་བསྐངས་བ་དང་དུས་མཚུངས་གྲོང་ཁྱེར་གྱི་ཁོར་ཡུག་ལེགས་གྱུར་གྱིས་མང་ཚོཊ་ལ་སྔར་བས་སྟབས་བདེ་བསྐྲུན་ཡོད་པ་རེད།

རྣམ་གྲངས་ལག་བསྟར་གྱིས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ།

ཉེ་ཆར་ཧུའུ་ཧྥུང་ལམ་ཆེན་ནུབ་ལམ་དུ་གསར་འགོད་པས་གཞུང་ལམ་གཡས་གཡོན་གྱི་མི་འགྲོ་སའི་ལམ་ཐོག་ཏུ་སོ་ཕག་གྲུ་བཞི་མང་པོ་ཕུང་གསོག་བརྒྱབ་ཡོད་པ་མཐོང་བྱུང་། ཡུལ་དངོས་སུ་བཟོ་པ་ཁག་གཅིག་གིས་ལས་དུས་འཕར་མ་བྱས་ཏེ་ལམ་བཟོ་བ་དང་།བཟོ་པ་ཁག་གཅིག་གིས་ཨར་སྐྲུན་གད་སྙིགས་གཙང་སེལ་བྱེད་བཞིན་འདུག ཤེས་རྟོགས་བྱུང་བར་གཞིགས་ན། ཧུའུ་ཧྥུང་ལམ་ཆེན་གྱི་མི་འགྲོ་སའི་ལམ་གསར་བསྒྱུར་གྱི་རྣམ་གྲངས་དེ་སྤྱི་ལེ་10ཡི་ལམ་དུམ་དང་འབྲེལ་ཡོད་པས་ཁག་གསུམ་ལ་བགོས་ནས་ཨར་སྐྲུན་བྱས་ཡོད་ཅིང་།མིག་སྔར་ལས་གྲྭ་ཁྱོན་ཡོངས་ཀྱི་བརྒྱ་ཆ་60ལེགས་གྲུབ་ཟིན་ཡོད་པ་རེད།

གསར་འགོད་པས་བཅར་འདྲི་བྱེད་སྐབས་མང་ཚོགས་ཁག་གཅིག་གིས་མི་འགྲོ་སའི་ལམ་གསར་བསྒྱུར་གྱི་ལས་གྲྭར་ཐེ་ཚོམ་ཕྲན་བུ་བྱེད་ཀྱི་ཡོད། ང་ཚོའི་སྒོ་འགྲམ་གྱི་མི་འགྲོ་སའི་ལམ་བུར་སྐྱོན་དེ་ཙམ་ཤོར་མེད་ཀྱང་ཉམས་གསོ་བྱེད་དགོས་དོན་གང་ཡིན་ནམ་སོགས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ལ་གཞིགས་ཏེ།སྐལ་བཟང་ཚོས་འཕེལ་གྱིས་ཧུའུ་ཧྥུང་ལམ་ཆེན་གྱི་མི་འགྲོ་སའི་ལམ་ཁག་གཅིག་གི་ལམ་ངོས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ཆར་ཆུ་འབབ་པའི་དུས་ཚིགས་སུ་ཆུ་འཁྱིལ་བའི་གནས་ཚུལ་ཐོན་གྱི་ཡོད།དེར་བརྟེན་མི་འགྲོ་སའི་ལམ་སྒྱུར་བཀོད་ཀྱི་ལས་གྲྭ་ལག་བསྟར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད།དེ་དང་ཆབས་ཅིག་ད་ཐེངས་ཀྱི་ཨར་ལས་ཁྲོད་སྤྱོད་པའི་རྒྱུ་ཆ་ཚང་མ་ཆུ་སིམ་ཐུབ་པའི་སོ་ཕག་དང་ཨར་འདམ་ཡིན་པས། ལམ་ངོས་སུ་ཆུ་འཁྱིལ་བའི་སྣང་ཚུལ་སྔོན་འགོག་ཐུབ་པ་དང་།ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་བསྐྲུན་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་ཅེས་བཤད།

མི་དམངས་དྲག་ཆས་པུའུ་ཡི་སྒོ་འགྲམ་དུ་འབྲོམ་ཐོད་ཤང་གི་ཚོགས་ཆུང་5པའི་འཇམས་དཔལ་དང་ཁོང་གི་ལས་རོགས་ཚོས་འཛུགས་སྐྲུན་གྱི་སྙིགས་རོ་དབོར་བཞིན་ཡོད། རྣམ་གྲངས་ལས་འགོ་ཚུགས་པ་ནས་བཟུང་།སྟག་རྩེ་ཆུས་ཀྱི་ཞིང་འབྲོག་པ་དེ་བས་མང་བ་རྣམ་གྲངས་ཀྱི་ཨར་ལས་དཔུང་ཁག་ནང་ཞུགས་ནས་རྣམ་གྲངས་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཁྲོད་ས་གནས་དེ་གའི་འཕྲུལ་ཆས་སྤྱད་ཚད་བརྒྱ་ཆ་100ཟིན་ཡོད། མིག་སྔར་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་50ལྷག་ཙམ་ཡོད་པ་དང་།རྣམ་གྲངས་ལག་བསྟར་བྱས་པ་ལས་ཁོང་ཚོར་རང་ཁྱིམ་དང་ཐག་ཉེ་སར་ལས་ཞུགས་དང་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། འཇམས་དཔལ་གྱིས་རྣམ་གྲངས་སྐྲུན་འགོ་ཚུགས་པ་ནས་བཟུང་ངས་རང་ཉིད་ཀྱི་ཟོག་འདྲེན་རླངས་འཁོར་བཏང་ནས་གླ་པར་ཡོང་བ་ཡིན། ཡོང་འབབ་མང་བའི་དུས་སུ་ཉིན་གཅིག་ལ་དངུལ་མང་པོ་རག་གི་འདུག རང་ཉིད་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་ཆབས་ཅིག་ཕ་ཡུལ་འཛུགས་སྐྲུན་ཆེད་ལེགས་སྐྱེས་འབུལ་ཐུབ་པར་སེམས་པ་ཧ་ཅང་དགའ་པོ་བྱུང་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-06 མིའི་འཚོ་སྡོད་ཁོར་ཡུག་གི་རྣམ་པ་ལེགས་སུ་དང་སྤུས་ཚད་མཐོ་རུ་ཕྱིན་པ། 6 6 拉萨日报藏文 c173290.html 1 སྟག་རྩེ་ཆུས་ཀྱིས་ཁོར་ཡུག་བཅོས་སྒྲིག་འཛུགས་སྐྲུན་ལས་གྲྭ་ཁག་10ལ་དུས་གཅིག་ཏུ་སྐུལ་འདེད་བཏང་བ། /enpproperty-->