分享按钮

ལྷ་སའི་རྒྱན་གོས་གཟའ་འཁོར་རིང་།

མི་རིགས་ཀྱི་རྒྱན་གོས་རིག་གནས་ཀྱི་སྟོན་མོ་བཤམས་པ།

རྒྱན་གོས་རིག་གནས་ལ་བརྟེན་ནས་བོད་ཀྱི་གཏམ་རྒྱུད་ཤོད་པ་ཞེས་པ་གཙོ་དོན་དུ་བྱས་པའི་ལྷ་སའི་རྒྱན་གོས་གཟའ་འཁོར་དེ་2023ལོའི་ཟླ་12ཚེས་24ཉིན་ནས་ཚེས་30ཉིན་བར་ལྷ་སར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། བྱེད་སྒོ་སྤེལ་རིང་། མོ་ཐྲོལ་100ལྷག་ཙམ་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་། ནོར་བུ་གླིང་ཁ། རྫོང་རྒྱབ་ཀླུ་ཁང་སོགས་སུ་དྲ་ཐོག་དང་དྲ་ཕྱིའི་ལྟད་མོ་བར་སྣ་ཁ་60ལྷག་ཙམ་དང་ཁྱོན་100ལྷག་ཙམ་གྱི་སྲོལ་རྒྱུན་གྱི་རྒྱན་གོས་སྤྱན་ལམ་དུ་ཕུལ་ནས་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་ཡོད་པ་རེད།

ལྷ་སའི་རྒྱན་གོས་གཟའ་འཁོར་རིང་སྤྱན་ལམ་ཞུས་པའི་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ནང་ཨ་མདོ་དང་། ལྷོ་པ། རྨ་བྱ། ཀོང་པོ་སོགས་ཀྱི་རྒྱན་གོས་ཡོད་པ་དང་། དེའི་ནང་མངོན་མིན་རིག་གནས་ཤུལ་བཞག་གི་གྱོན་ཆས་ལ་བསྟི་ཡག་དང་གཡག་པ་སོགས་ཡོད་པ་རེད། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས(ལྷ་སའི་འཚེམ་དྲུབ་ཐང་ག)ཀྱི་རྒྱུན་འཛིན་པ་དང་། རང་སྐྱོང་ལྗོངས་རིམ་པའི་བཟོ་རྩལ་མཛེས་རྩལ་མཁས་ཅན་ནོར་བུ། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་བྲག་རྩའི་གྱོན་ཆས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ངག་དབང་བསྟན་དར་དང་། བོད་རང་སྐྱོང་ལྗོངས་རིམ་པའི་སྨན་གླིང་ལྷོ་པ་རྒྱན་གོས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཟླ་བ། ལྷ་ས་གྲོང་ཁྱེར་འབྲི་གུང་སྣམ་བུའི་བཟོ་རྩལ་རྒྱུན་འཛིན་པ་དཀོན་མཆོག་རིན་ཆེན་དང་བོད་ཀྱི་རྨ་བྱའི་རྒྱན་གོས་རྒྱུན་འཛིན་པ་ཚེ་དབང་རྡོ་རྗེ་སོགས་ཀྱིས་བཟོས་པའི་རྒྱན་གོས་ཀྱི་བརྩམས་ཆོས་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་ཀྱི་ནང་དོན་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ཕུལ་བྱུང་རིག་གནས་དང་། ཐུན་མོང་མ་ཡིན་པའི་མཛེས་ཆོས་ལྡན་ཡོད། ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཁག་གི་རྩེར་སོན་བརྩམས་ཆོས་འགྲེམས་སྟོན་བྱས་པ་དང་། ནོར་བུ་གླིང་ཁའི་ཡན་ལག་ཚོགས་རར་རྒྱན་གོས་སྤྱན་ལམ་དུ་ཕུལ་བ་དང་ཆབས་ཅིག་གྲོང་མི་དང་ཡུལ་སྐོར་བ་སྒྲིག་འཛུགས་བྱས་ཏེ་ཚེབ་དྲུབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་བཟོ་རྩལ་ཉམས་ལེན་ནང་ཞུགས་སུ་བཅུག་ནས་ཡུལ་སྐོར་བས་ལྷ་སའི་དམངས་སྲོལ་རིག་གནས་དང་ཡུལ་སྲོལ་རིག་གནས་ལ་ཤེས་རྟོགས་སྔར་བས་གཏིང་ཟབ་ཐུབ་པར་བྱས་པ་རེད།

ཧུའུ་ནན་ནས་ཡིན་པའི་ཡུལ་སྐོར་བ་དབྱང་ཀུའེ་ལིན་གྱིས་སྔར་ནས་བཟུང་ལྷ་ས་ནི་ངའི་ཡིད་སྨོན་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་རེད། ད་རེས་ཀྱི་ཕུགས་འདུན་མངོན་འགྱུར་བྱ་ཡུལ་ལྷ་སར་ཡོང་བ་དང་སླར་ཡང་ལྷ་སའི་རྒྱན་གོས་གཟའ་འཁོར་གྱི་རྗེས་ཟིན་པས་རང་ཉིད་དངོས་གནས་བསོད་ནམས་ཆེན་པོ་འདུག་བསམ་བྱུང་། ངས་ཡུལ་དངོས་ལ་མཛེས་ཆོས་ལེགས་པར་ལྡན་ལ་བོད་ཀྱི་ས་གནས་ཁག་གི་ཁྱད་ཆོས་ཀྱང་ལྡན་པའི་རྒྱན་གོས་མང་པོ་མཐོང་བྱུང་བས་ཧང་སངས་བྱུང་། སླད་ཕྱིན་ང་ད་དུང་སླར་ཡང་ལྷ་སར་ཡོང་རྒྱུ་ཡིན་ཞེས་བཤད་པ་རེད།

ལྷ་སའི་རྒྱན་གོས་གཟའ་འཁོར་ལ་སྲོལ་རྒྱུན་གྱོན་ཆས་ལ་དགའ་པོ་བྱེད་མཁན་རྒན་རབས་ཚོའི་རྒྱབ་སྐྱོར་དང་དེའི་ནང་ཞུགས་ཡོད་པ་རེད། བྱེད་སྒོ་གཉེར་མཁན་ཕྱོགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འཁྲབ་སྟོན་ནང་ཞུགས་མཁན་མོ་ཐྲོལ་གྱི་ཆ་སྙོམས་ལོ་ཚད་65ཡིན་པ་དང་། བྱེད་སྒོའི་ནང་སྲོལ་རྒྱུན་བོད་རིགས་ཀྱི་རྒྱན་གོས་རིག་གནས་དར་སྤེལ་བཏང་བ་དང་ཆབས་ཅིག་རྒན་རྒོན་ཚོར་རང་ཉིད་ངོམས་པའི་ལས་སྟེགས་ཤིག་ཀྱང་བཏོད་ཡོད། རྒན་རྒོན་མོ་ཐྲོལ་གྱི་འཐུས་མི་མཚམས་གཅོད་ཀྱིས་ད་རེས་ཀྱི་བྱེད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ལྷ་སའི་རྒྱན་གོས་གཟའ་འཁོར་གྱིས་ང་ཚོར་རང་ཉིད་ངོམས་པའི་ལས་སྟེགས་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ང་ཚོའི་ལས་འཁྱུར་ངལ་གསོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ད་དུང་བོད་རིགས་ཀྱི་རྒྱན་གོས་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡང་བཏང་ཡོད་ཅེས་བཤད།

བསྡོམས་རྩིས་བྱས་པར་གཞིགས་ན། སྐབས་འདིའི་ལྷ་སའི་གྱོན་ཆས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་དང་ཡན་ལག་རྒྱན་གོས་ངོམ་སྟོན་བྱ་ཡུལ་དུ་ལྟད་མོ་བ་མི་ཐེངས་ཁྲི་1ལྷག་ཙམ་ཟིན་པ་དང་། དྲ་རྒྱའི་ཐད་གཏོང་ལྟ་མཁན་མི་ཐེངས་ཁྲི་100ལྷག་ཙམ་ཟིན་པ། བརྙན་ལམ་ཨང་རྟགས་དང་འཁྱུག་དབྱིངས་ཨང་རྟགས་སོགས་རང་མོས་སྨྱན་སྦྱོར་ཐོག་ལྟ་མཁན་མི་ཐེངས་ཁྲི་3500ཟིན་ཡོད་པ་རེད། ད་རེས་ཀྱི་བྱེད་སྒོ་སྤེལ་བ་དེས་ལྟད་མོ་བས་ས་གནས་ས་ཐོག་ཏུ་བོད་རིགས་ཀྱི་རྒྱན་གོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དངོས་སུ་མྱོང་ཚོར་ཐུབ་པ་དང་དུས་མཚུངས་བོད་མི་རིགས་ཀྱི་རྒྱན་གོས་རིག་གནས་ལ་སྲུང་སྐྱོང་དང་། རྒྱུན་འཛིན། གསར་གཏོད། ངོམ་སྟོན། དྲིལ་བསྒྲགས་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐུབ་ནས་མི་རིགས་ཀྱི་རིག་གནས་སྔར་བས་དར་སྤེལ་དང་མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་ཡོད་པ་རེད།

བོད་ལྗོངས་མོ་ཐྲོལ་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལུའུ་ཅེས་ལྷ་སའི་རྒྱན་གོས་གཟའ་འཁོར་གྱི་བྱེད་སྒོས་མི་དེ་བས་མང་བས་སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་མཐོང་ཐུབ་ཡོད་ཅིང་། བོད་ཆས་གྱོན་ནས་པར་རྒྱག་རྒྱུ་དེ་ནི་ཡུལ་སྐོར་བས་ཉམས་ལེན་བྱེད་པའི་གྲས་ཤིག་ཡིན་པ་དང་། ཐེངས་འདིའི་བྱེད་སྒོ་བརྒྱུད་བོད་རིགས་ཀྱི་རྒྱན་གོས་ཐོན་ལས་ལ་འཕེལ་རྒྱས་ལེགས་པོ་ཡོང་བའི་རེ་བ་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བས་སྲོལ་རྒྱུན་གྱི་བོད་རིགས་གྱོན་ཆས་ལ་ཤེས་རྟོགས་ཐུབ་ཚད་དང་དེ་བཞིན་སྲོལ་རྒྱུན་གྱི་བོད་རིགས་ཀྱི་རྒྱན་གོས་ལ་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ཡོད། མི་མང་པོ་ཞིག་གིས་བོད་རིགས་ཀྱི་རྒྱན་གོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་དང་མྱོང་ཚོར་བྱེད་པ་དང་ཆབས་ཅིག་དེའི་ལོ་རྒྱུས་དང་། ད་ལྟ། འབྱུང་འགྱུར་བཅས་ལ་ཤེས་རྟོགས་བྱས་ནས་མི་རིགས་ཀྱི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ལྷ་སའི་ཡུལ་སྐོར་ལས་རིགས་ལའང་བཀྲག་མདངས་འཚེར་ས་གསར་པ་བསྣན་ཡོད།

གྲོང་ཁྱེར་རིག་གནས་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་རིམ་པ་གཉིས་པའི་བརྟག་ཞིབ་པ་ཟླ་བ་ཚེ་རིང་གིས་དུས་ཡུན་གཟའ་འཁོར་གཅིག་ཡིན་པའི་ལྷ་སའི་རྒྱན་གོས་གཟའ་འཁོར་དེ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཞིང་། ལྷ་སའི་རྒྱན་གོས་གཟའ་འཁོར་རིང་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་བརྟེན་ནས་རིག་གནས་ལ་དོན་གཉེར་བྱས་ཏེ་རིག་གནས་མཉམ་འདྲེས་གཏིང་ཟབ་དང་། རྒྱན་གོས་རིག་གནས་ལ་བརྟེན་ནས་བོད་ཀྱི་གཏམ་རྒྱུད་ཤོད་པ་དང་། བོད་ཆས་གྱོན་པ། བོད་ཟས་ལ་ལོངས་སྤྱོད། དམངས་སྲོལ་ཞག་སྡོད། ས་མཐོར་ཡུལ་སྐོར་བྱེད་པ་བཅས་བྱས་པས་བོད་ཀྱི་རིག་གནས་ལ་མྱོང་རོལ་ཐུབ་ནས་ཕན་འབྲས་ཆེན་པོ་ཐོན་ཡོད། རྗེས་མར་རང་གྲོང་གིས་ད་དུང་མུ་མཐུད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་སྟེ་ལྷ་སའི་ཡུལ་སྐོར་བྱ་གཞག་དང་རིག་གནས་བྱ་གཞག་ལ་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-06 ལྷ་སའི་རྒྱན་གོས་གཟའ་འཁོར་རིང་། 6 6 拉萨日报藏文 c173284.html 1 མི་རིགས་ཀྱི་རྒྱན་གོས་རིག་གནས་ཀྱི་སྟོན་མོ་བཤམས་པ། /enpproperty-->