分享按钮

ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ བྱས་ནས་རྣམ་པ་གསར་པ་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་ཞིང་པའི་རྩ་བའི་བདེ་སྐྱིད་དང་འབྲེལ་བ་ཡོད། 2021ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ལ་དམ་འཛིན་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་2.3བཏང་ནས་དཔེ་སྟོན་གྲོང་ཚོའི(མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག)རྣམ་གྲངས་7ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། སྲིད་འཛིན་གྲོང་ཚོ་ཡོངས་སུ་ཁྱབ་པར་བྱས་པ། གྲོང་ཚོའི་འགྲོ་ལམ་གྱི་སྔར་ཡོད་གནས་ཚུལ་སྔར་བས་ལེགས་སུ་བཏང་བ། གྲོང་གསེབ་ཀྱི་བཙོག་ཟིང་ཞན་གསུམ་གྱི་ཁོར་ཡུག་གནས་ཚུལ་རིམ་བཞིན་མེད་པར་བཟོས་ནས་ནུས་ཤུགས་ཡོད་རྒུས་རྣམ་པ་གསར་པ་བཏོད་ཡོད།

ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོར་སྐྱོད་སྐབས་དང་ཐོག་མིག་ལམ་དུ་འཆར་བ་ནི་ཡངས་ཤིང་གཙང་བའི་གྲོང་གསེབ་ཀྱི་གཞུང་ལམ་དང་གྲལ་བསྟར་འགྲིག་པའི་མང་ཚོགས་ཀྱི་སྡོད་ཁང་ཡིན་པ་དང་། ཁྱིམ་ཚང་ཚང་མའི་སྒོ་ཁར་གཞུང་ལམ་ཤར་གཏོང་ཐུབ་པ། སྡོད་ཁང་གི་རྒྱབ་མདུན་རྒྱ་ཆེ་ལ་གཙང་སྦྲ་དོད་པ། ས་འོག་ཆུ་འགྲོ་དང་ལམ་སྒྲོན་སོགས་ནུས་པ་ཚང་བའི་རྨང་གཞིའི་སྒྲིག་བཀོད་བརྒྱུད་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་པ་ལས་བྱུང་བའི་འགྱུར་ལྡོག་གསར་པ་མངོན་བཞིན་མཆིས།

ངོ་སྤྲོད་བྱས་པར་གཞིཊ་ན། ཁྱོན་མ་དངུལ་སྒོར་ཁྲི་4798.32བཏང་བའི་དཔལ་སྡིངས་གྲོང་ཚོའི་མིའི་འཚོ་སྡོད་ཁོར་ཡུག་སྒྱུར་བཀོད་ཀྱི་རྣམ་གྲངས་དེ་2023ལོའི་ཟླ་11པར་སྒྱུར་བཀོད་ལེགས་སྒྲུབ་བྱུང་བ་དང་།རྣམ་གྲངས་དེ་གཙོ་བོ་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་དང་པོ་དང་། བཞི་པ། དྲུག་པ་བཅས་ཀྱི་ལམ་ངོས་སྒྱུར་བཀོད་ལས་གྲྭ་དང་འབྲེལ་བ་ཡོད་པ་དེའི་ནང་ས་འོག་མདོང་ལམ་དྲ་བ་དང་དེ་བཞིན་གློག་སྐུད་སྒྱུར་བཀོད་ཤུགས་ཆེན་བྱས་ཡོད། རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཁྱོན་ཐེམ་ཁུངས་བོད་ནས་ཡིན་པའི་ཞིང་འབྲོག་པ་90བསྡུ་ལེན་བྱས་ཡོད་ཅིང་།དེའི་ནང་དཔལ་སྡིངས་གྲོང་ཚོ་དེ་རང་གི་ཞིང་འབྲོག་པ་29ཚུད་ཡོད་པས་འབབ་འཕར་སྒོར་ཁྲི་120ལྷག་ཙམ་ཟིན་ཡོད་པ་རེད།

དཔལ་སྡིངས་གྲོང་ཚོར་ཕྱོགས་བསྡུས་བཅོས་སྒྲིག་རིམ་སྤོར་གྱི་རྣམ་གྲངས་ལག་བསྟར་བྱས་པ་དེས་གྲོང་ཚོའི་རྣམ་པ་ལེགས་སུ་ཕྱིན་པར་མ་ཟད། གྲོང་མིའི་འགྲོ་སྐྱོད་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་ནས་གྲོང་མི་ཕྱིར་སྐྱོད་པའི་མཐའ་མའི་འགག་གནད་རྦད་དེ་བསལ་བ་དང་གྲོང་མིས་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ལས་བྱུང་བའི་འགྱུར་ལྡོག་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་དང་པོའི་གྲོང་མི་བསྟན་པས་སྔོན་ཆད་དབྱར་དུས་སུ་ས་འོག་གི་ཆུ་འགྲོ་རྟག་ཏུ་འགག་པ་དང་བཙོག་ཆུ་གང་སར་རྒྱུག་པས་དགུན་དུས་སུ་འཁྱག་པ་ཐེབས་སླ་པོ་ཡོད། སྒྱུར་བཀོད་བྱས་རྗེས་གཞུང་ལམ་ཧ་ཅང་གཙང་བ་དང་། ལམ་སྒྲོན་དང་ཆུ་མཁོ་འདོན་མ་ལག་སོགས་ཀྱི་སྒྲིག་ཆས་ཆ་ཚང་ཡོད་པས་ཁོར་ཡུག་འཕྲོད་བསྟེན་ལེགས་སུ་ཕྱིན་ཡོད་ཅེས་བཤད།

གཞན་ཡང་གྲོང་ཚོ་ཨུ་ལྷན་གྱིས་གྲོང་ཚོ་ཁག་གི་ཉེ་འགྲམ་དང་། གཞུང་ལམ་ལམ་རྒྱུད། མང་ཚོགས་ཀྱི་ཁང་པའི་རྒྱབ་མདུན་སོགས་ཀྱི་འཕྲོད་བསྟེན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ་དང་།གཞུང་ལམ་གཡས་གཡོན་གྱི་རྩྭ་ལྡུམ་དང་ཞིང་ལས་ཀྱི་སྙིགས་རོ་སོགས་ལ་གཙང་སེལ་བྱས་ཏེ་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་ཡོད་པ་རེད།

དཔལ་སྡིངས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཨུ་ཡོན་སྤེན་པ་ཚེ་རིང་གིས་ང་ཚོའི་གྲོང་ཚོ་འདི་ཉིད་ད་ཆ་གྲོང་མི་མང་པོ་ཞིག་དབྱར་དུས་གླིང་ཁ་གཏོང་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད། དེ་སྔ་འགྲོ་ལམ་ཁོད་སྙོམས་པོ་མེད། ད་ཆ་འཚོ་སྡོད་ཁོར་ཡུག་གི་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་ཁོར་ཡུག་ཧྲིལ་པོར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།འབྱུང་འགྱུར་དཔལ་སྡིངས་གྲོང་ཚོ་སྔར་བས་ཡག་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།

ཕྱིས་འབྱུང་།ཁྲེང་ཀོན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་སྣེ་ཁྲིད་དེ་དངུལ་པར་གྲོང་ཚོའི་མཆོད་གསེར་ཚོགས་ཆུང་དང་སྦྱར་གཞི་གྲོང་ཚོའི་འཚོ་སྡོད་ཁོར་ཡུག་སྲ་བརྟན་དང་ལེགས་སུ་གཏོང་རྒྱུ་སོགས་གཙོ་བོར་བྱེད་པའི་ཁྲི་སྟོང་འདུ་འགོད་ལག་ལེན་བསྟར་ནས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ལེགས་སུ་གཏོང་རྒྱུ་དང་།འཚོ་སྡོད་བྱ་རྒྱུར་འཚམ་པའི་བྱ་གཞག་དང་མཛེས་པའི་གྲོང་གསེབ་བསྐྲུན་ནས་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་གོང་མཐོར་གཏོང་རྒྱུ་ཡིན་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-04 6 6 拉萨日报藏文 c173248.html 1 ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ བྱས་ནས་རྣམ་པ་གསར་པ་བཏོད་པ། /enpproperty-->