分享按钮

རང་གྲོང་གི་2026ལོའི་རྒྱ་གྲམ་དམར་པོའི་བྱམས་སེམས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)བྱམས་སེམས་གཟའ་འཁོར་གྱི་བྱེད་སྒོ་རིམ་སྤེལ་གྱི་གྲས་ཤིག་ཡིན་པའི་བྱམས་སེམས་ཀྱིས་སྡེ་ཁུལ་དུ་སྤེལ་བའི་བདེ་ཐང་བྱེད་སྒོ་དེ་ཉིན་དན་བག་སྡེ་ཁུལ་དུ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོའི་ཁྲོད་ལྷ་སྤྲེལ་སྨན་རྩིས་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པས་གྲོང་མིར་ཁྲག་ཤེད་ཚད་ལེན་དང་། གཅོང་ནད་དོ་དམ། སྨན་སྤྱོད་མཛུབ་ཁྲིད་སོགས་རིན་མེད་ཞབས་ཞུ་མཁོ་འདོན་བྱས་པ་དང་འབྲེལ་རྒྱུན་མཐོང་ནད་རིགས་སྔོན་འགོག་དང་དེ་བཞིན་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་ལེགས་སྒྲིག་གནད་དོན་ལ་ངང་རྒྱུད་རིང་པོས་ལན་བརྒྱབ་པ་རེད། ས་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། གྲོང་མི་མང་པོ་ཞིག་བང་བསྒྲིགས་ནས་ནད་གཞི་སྨན་བཅོས་བྱེད་ཐབས་སྐོར་འདྲི་ཡི་ཡོད།

ལོ་68ལ་སླེབས་པའི་སྡེ་ཁུལ་གྱི་གྲོང་མི་ཚེ་རིང་སྒྲོལ་མས་དུས་རྒྱུན་སྨན་ཁང་ཆེ་གྲས་སུ་ཨང་ཐོ་འགོད་པར་འགྲོ་བར་ལས་སླ་པོ་མེད། དེ་རིང་རིགས་གཅིག་མཁས་ཅན་ཐད་ཀར་སྡེ་ཁུལ་དུ་ཡོང་ནས་ཁྲག་ཤེད་གཅོག་པའི་སྨན་བེད་སྤྱོད་བྱེད་སྟངས་ཀྱི་ཇུས་གཞི་ལེགས་སྒྲིག་བྱས་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད། སྒོ་རྩར་སྨན་བཅོས་དང་ཞབས་ཞུ་གཤམ་སྤེལ་བྱས་པ་བརྒྱུད་ནས་བྱེད་སྒོ་དེས་གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་སྟབས་བདེ་མེད་པའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ནས་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་བར་མ་ཟད། མང་ཚོགས་ཀྱི་ནད་འགོག་འདུ་ཤེས་ཟབ་ཏུ་བཏང་བ་དང་རྒྱ་གྲམ་དམར་པོའི་མི་ཆོས་ཐུགས་ཁུར་བརྒྱུད་སྤྲོད་ཏན་ཏིག་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱ་ཆེད་དྲོ་སྐྱིད་ཀྱི་སྟོབས་ཤུགས་བསྣན་ཡོད།

འོས་འགན་སྨན་བཅོས་ས་ཁོངས་ཀྱི་ཉེ་འགྲམ་དུ།རྒྱ་གྲམ་དམར་པོའི་དམིགས་བསལ་གྱི་མྱུར་སྐྱོབ་ཁྲོམ་བཀྱག་གིས་གྲོང་མི་མང་པོའི་ཡིད་དབང་བཀུག་ཡོད། བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭའི་རྒྱ་གྲམ་དམར་པོའི་འཕྲལ་སྡོམ་མྱུར་སྐྱོབ་དགེ་རྒན་དང་དེ་བཞིན་སློབ་མའི་དང་བླངས་པས་ལད་ཟློས་མི་སྣ་དང་AEDསྦྱོང་བརྡར་འཕྲུལ་ཆས་སོགས་ཀྱི་སློབ་ཆས་ཁྱེར་ནས་ས་ཡུལ་དངོས་སུ་གློ་སྙིང་སླར་གསོ་དང་། ཁྲག་འགོག་སྨན་བཅོས། ཆུར་ལྷུང་བ། དབུགས་ལམ་འགག་པ་སོགས་མྱུར་སྐྱོབ་རྩལ་ནུས་ཁྱབ་གདལ་གཏོང་བའི་སློབ་ཁྲིད་བྱས་པ་རེད།

དན་བག་སྡེ་ཁུལ་གྱི་མང་ཚོགས་བསྟན་འཛིན་ཀུན་དགའ་ཡིས་དེ་རིང་དགེ་རྒན་དང་མཉམ་དུ་ས་ཡུལ་དངོས་སུ་གློ་སྙིང་སླར་གསོའི་ཤེས་བྱ་ཁག་གཅིག་སྦྱངས་པས་རྩལ་ནུས་དེ་དག་ཧ་ཅང་སྤྱོད་གོ་ཆོད་པོ་འདུག ད་རེས་ཀྱི་བྱེད་སྒོས་ང་ཚོ་མང་ཚོགས་ལ་ཕན་བདེ་ཆེན་པོ་བསྐྲུན་ཡོད་པས་སླད་ཕྱིན་མུ་མཐུད་དེ་སྤེལ་ཐུབ་པའི་རེ་བ་ཡོད་ཅེས་བཤད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-05-10 6 6 拉萨日报藏文 c221081.html 1 རང་གྲོང་གི་2026ལོའི་རྒྱ་གྲམ་དམར་པོའི་བྱམས་སེམས་གཟའ་འཁོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->