ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཚོགས་ཆེན་ཐོག་འཆར་འགོད་བྱས་པའི་དམངས་འཚོའི་འཆར་གཞི་དེ་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་དངོས་སྒྲུབ་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱ་ཆེད། ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཨུད་ཀྱི་ཨུ་ཡོན། ཡོན་ཀྲང་གཞོན་པ། རིམ་པ་དང་པོའི་ཀྲུའུ་རེན་སྨན་པ་བཅས་ཡིན་པའི་ཉི་མས་ཚོགས་འདུར་ཞུགས་པའི་གྲུབ་འབྲས་དང་མྱོང་ཚོར་ཟབ་མོར་བརྟེན་ནས། སྨན་ཁང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ཚང་མ་དང་མཉམ་དུ་བསམ་ཚུལ་ལྷུག་པོ་གླེང་ནས། ས་མཐོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམས་ཡོད།
སྒྲོག་འགྲེལ་ཚོགས་འདུའི་ཐོག ཉི་མས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྨན་པའི་ཐོབ་ཐང་གཉིས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་བརྗིད་ཉམས་ལྡན་པའི་རྣམ་པ་གསོན་ཉམས་དོད་པོས་སླར་གསོ་བྱས་ནས། ཚོགས་ཆེན་གྱི་དགོངས་དོན་གཙོ་བོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་བརྒྱུད་བསྒྲགས་བྱས་ཤིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་བཀོད་སྒྲིག་གལ་ཆེན་ཐད་འགྲེལ་བཤད་ཞིབ་ཚགས་བརྒྱབ་ཡོད། ཁོང་གིས་རང་ཉིད་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་ས་མཐོར་གཞི་ཚུགས་ནས་སྨན་བཅོས་བྱས་པའི་ཉམས་མྱོང་དང་། དེ་བཞིན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་མཐོང་ཐོས་དང་གཞི་རིམ་དུ་བརྟག་ཞིབ་བྱས་པའི་གྲུབ་འབྲས་བཅས་ཟུང་འབྲེལ་བྱས་ཤིང་། གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ལྷ་སའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་དང་སྨན་ཁང་གི་རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སྨན་ཁང་ཡོངས་ཀྱི་སྨན་དོན་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་དང་། སྨན་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ལས་གནས་ལ་གཞི་ཚུགས་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དེ་སྨན་བཅོས་ཞབས་ཞུའི་ལྷུ་ཚིགས་ཚང་མར་དོན་འཁྱོལ་བྱས་ཐོག བརྩེ་སེམས་ཟབ་མོས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་དང་བདེ་རྩ་བསྲུང་རྒྱུའི་འབོད་སྐུལ་བྱས་ཡོད།
སྒྲོག་འགྲེལ་གྱི་ནང་དོན་ཞིབ་ཅིང་ཕྲ་ལ་བརྩེ་བ་ཟབ་པ་དང་། རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ལྡན་ཡོད་ལ། ལས་ཀའི་དོན་དངོས་དང་ཉེ་བས། འཐབ་ས་མདུན་མའི་སྨན་དོན་པས་རྒྱལ་ཁབ་ཀྱིས་གཞི་རིམ་གྱི་སྨན་བཅོས་དང་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱེད་ལུགས་ཚོར་ཐུབ་པ་བྱུང་ནས། སླད་ཕྱིན་གྱི་ལས་དོན་ཁག་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གསང་རྒྱུད་ཟགས་གཤེར་རྙིང་ཚབ་གསར་བྱེད་ཁོའོ་ཡི་ཀྲུའུ་རེན་ཡུས་ཡུང་ཁྲུན་གྱིས། ཡོན་ཀྲང་ཉི་མས་སྒྲོག་འགྲེལ་བྱས་པ་དེས་ང་ཚོས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་དེ་བས་གཏིང་ཟབ་པ་དང་དེ་བས་ཐད་ཀར་གོ་བ་ལེན་ཐུབ་པ་བྱུང་། ལྷག་པར་དུ་ས་མཐོའི་སྨན་བཅོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱས་པ་དེ་ང་ཚོ་ནད་ཐོག་སྨན་དོན་པའི་སེམས་ནང་གཏིང་ཟབ་འཇགས་བྱུང་། འཐབ་ས་མདུན་མའི་སྨན་པ་ཞིག་ཡིན་པའི་ངོས་ནས། ང་ཚོར་རྒྱུན་དུ་ནད་པ་སྣ་ཚོགས་འཕྲད་ཀྱི་ཡོད་པས། མང་ཚོགས་ཀྱི་ནད་ལ་ལྟ་བ་དང་སྨན་བཅོས་བྱེད་པའི་དགོས་མཁོ་གསལ་པོར་ཤེས་ཀྱི་ཡོད། སླད་ཕྱིན།ང་ཚོས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་སྨན་བཅོས་ལག་རྩལ་ལེགས་སུ་གཏོང་བ་དང་། ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ། སྨན་བཅོས་སྐྱོབ་བཅོས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། ནད་པ་དེ་བས་མང་བར་སྒོ་རྩ་ནས་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཐུབ་པར་བྱས་ཏེ། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད།
སྒྲོག་འགྲེལ་ལ་ཉན་རྗེས། སྨན་དོན་ལས་དོན་པ་ཡོངས་ལ་ལྕག་སྐུལ་ཆེན་པོ་ཐེབས་ཡོད། ཚང་མས་ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་བོད་སྐྱོར་སྨན་བཅོས་ཚོགས་པའི་རྒྱབ་སྐྱོར་འོག རིག་ཚན་འཛུགས་སྐྱོང་དང་སྨན་བཅོས་ནུས་པ་སོགས་ཀྱི་ལས་དོན་ཁག་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ནད་གཞི་ཚབས་ཆེན་མང་པོ་ཞིག་བོད་ནས་སྐྱོབ་བཅོས་ཐུབ་ཡོད་པ་དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། རྗེས་མར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་པ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཁྲོད་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཊ་པ་དང་ལག་བསྟར་བྱེད་པ། སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཁམས་བཟང་སྲུང་ཆེད་སྨན་བཅོས་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社