(པར་ངོས་དང་པོར་མཐུད)བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོར་སྲུང་བ། ཆུ་བཟང་གྲོང་ཁྱེར་དང་སྔོ་ལྗང་གི་གྲོང་ཁྱེར་དམ་འཛིན་བྱ་གཞིར་བྱེད་པ། ཐཱན་ཉུང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ལྗང་རྒྱ་ཆེར་གཏོང་བ་བཅས་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་ལག་ལེན་དུ་བསྟར་བ། འབྱུང་ཁམས་རིན་ཐང་གཞན་སྒྱུར་གྱི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱེད་པ། འབྱུང་ཁམས་ཤེས་དཔལ་མཐོ་སའི་སྣེ་ཁྲིད་ཁུལ་གཏོད་པ། རིན་ཐང་མཐོ་བའི་འབྱུང་ཁམས་ཀྱི་མཛེས་སྡུག་ལྡན་པའི་ལྷ་ས་སྐྲུན་པ་བཅས་བྱ་རྒྱུ་རེད།
བདེ་ཆེན་སྒྲོལ་དཀར་གྱིས། དེའི་ནང་ནས་དམིགས་ཚད་གཙོ་བོ་དེ་ཕྱོགས་བཞི་དང་འབྲེལ་བ་ཡོད་པ་སྟེ། གཅིག་ནས་འབྱུང་ཁམས་ཀྱི་རྣམ་པ་དེ་བས་བརྟན་དུ་བཏང་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་ཅན་གྱི་བཅོས་སྐྱོང་ལམ་སྲོལ་གཙོ་གནད་ཐོག་འཐུས་སྒོ་ཚང་དུ་གཏོང་བ་དང་། གཉིས་ནས་ཁོར་ཡུག་གི་སྤུས་ཚད་སྔོན་ལ་སླེབས་པ་དང་། ཆུ་དང་། སོལ་རླངས། ས་རྒྱུ་བཅས་ཐད་ཀྱི་ཁོར་ཡུག་སྤུས་ཚད་སོགས་ལྟེ་བའི་ཁོར་ཡུག་དམིགས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། གསུམ་ནས་ལྗང་མདོག་ཕྱོགས་སྒྱུར་ལ་ཕན་འབྲས་ཐོན་པར་བྱས་ཏེ་ཐོན་ལས་དང་། ནུས་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཀྱི་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བཞི་ནས་འབྱུང་ཁམས་ཀྱི་རིན་ཐང་མངོན་པར་བྱས་ཏེ་འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཡིན། གཙོ་གནད་ལས་ཀའི་བྱ་ཐབས་དེ་ཕྱོགས་ལྔ་དང་འབྲེལ་བ་ཡོད་པ་སྟེ། གཅིག་ནས་འབྱུང་ཁམས་སྲུང་སྐྱོང་སླར་གསོའི་འདུ་འགོད་ལག་བསྟར་བྱས་ནས་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་དང་། གཉིས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་ནས་སྒུལ་ནུས་གྲུབ་ཆ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ། གསུམ་ནས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གྲུབ་ཆ་ལེགས་སུ་གཏོང་བ། བཞི་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་སྤེལ་ནས་མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བ། ལྔ་ནས་འབྱུང་ཁམས་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་འབྱུང་ཁམས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱེད་པ་བཅས་ཡིན་ཞེས་བཤད།
ལོ་ལྔ་ཚན་བཅུ་བཞི་པའི་རིང་ལྷ་སའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་སྟེ། དཔེར་ན། མ་དངུལ་སྒོར་དུང་ཕྱུར་52ལྷག་ཙམ་བཏང་ནས་ལག་བསྟར་བྱས་པའི་ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་མ་བཅས་ཀྱི་འབྱུང་ཁམས་སྲུང་སྐྱོང་སླར་གསོའི་ཚོད་ལྟའི་རྣམ་གྲངས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྱུང་ཁམས་སླར་གསོའི་རྣམ་གྲངས་གཙོ་བོར་གྲུབ་འབྲས་ཐོབ་པའི་ངང་བདམས་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་གཙོ་གནད་དུ་བྱས་ཏེ། རིམ་རྩིས་བྱས་ན་རྒྱལ་ཁབ་ས་ཆ་སྔོ་འགྱུར་མུའུ་ཁྲི་107.93ལེགས་གྲུབ་ཟིན་ནས་གསོན་ཚད་བརྒྱ་ཆ་85ལྷག་ཙམ་ཟིན་པ། ནུས་རྒྱུ་གཙང་མའི་གློག་འདོན་ཤུགས་ཆན་ཝ་ཁྲི་535ལས་བརྒལ་བ། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་བཟོ་སྐྲུན་ཁེ་ལས་36སྐྱེད་སྲིང་བྱས་པ། རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་བཅས་བྱས་ཡོད། གྲུབ་འབྲས་དེ་དག་གིས་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
བདེ་ཆེན་སྒྲོལ་དཀར་གྱིས། ལོ་ལྔ་ཚན་བཅོ་ལྔ་པའི་རིང་། ལྷ་ས་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་12345ཡི་ལས་ཀའི་བསམ་ཕྱོགས་ལག་ལེན་དུ་བསྟར་བ་དང་། འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། འབྱུང་ཁམས་ཤེས་དཔལ་གྱི་ས་མཐོའི་སྣེ་ཁྲིད་ཁུལ་གཏོད་རྒྱུ་དེ་འཐབ་ཇུས་ཀྱི་ངེས་གནས་སུ་བྱེད་པ། རིན་ཐང་མཐོ་བའི་འབྱུང་ཁམས་ཀྱི་མཛེས་སྡུག་ལྡན་པའི་ལྷ་ས་བསྐྲུན་རྒྱུ་དམིགས་ཚད་གཙོ་བོར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྷ་ས་འདི་ཉིད་བོད་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་ཧུར་ཐག་གཏོད་རྒྱུ་རེད་ཅེས་བཤད།
ལོ་ལྔ་ཚན་བཅོ་ལྔ་པར་རྒྱང་ལྟ་བྱེད་སྐབས། ལྷ་ས་གྲོང་ཁྱེར་གྱིས་བྱ་སྤྱོད་ཀྱི་འཆར་གཞི་གསལ་པོ་དང་མདུན་སྐྱོད་ཀྱི་གོམ་སྟབས་བརྟན་པོའི་ཐོག་ནས། ཆུ་ཚད་དེ་བས་མཐོ་བའི་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་དེ། གངས་ལྗོངས་ས་མཐོར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཞིག་བརྩམ་རྒྱུར་གཞོལ་བཞིན་ཡོད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社