(པར་ངོས་དང་པོར་མཐུད)སྔོ་ཚལ་འདེབས་པར་ལུད་མི་རྒྱག་པའི་འབྱུང་ཁམས་འཁོར་རྒྱུག་བྱེད་སྟངས་ནུས་ལྡན་ངང་འཁོར་སྐྱོད་བྱེད་པ་དང་། ཆུ་གྲོན་ཆུང་ཐུབ་ཚད་བརྒྱ་ཆ་90ཟིན་ནས་རང་གྲོང་གིས་དེང་རབས་ཞིང་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་གོམ་སྟབས་བརྟན་པོ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད། མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་དྲོད་ཁང་ཆེན་མོའི་དོ་དམ་པ་བསོད་ནམས་རྡོ་རྗེས་ང་ཚོས་གླིང་ཁུལ་དང་། ཁེ་ལས། ཞིང་དུད་བཅས་ཟུང་འབྲེལ་གྱི་ཐོན་ལས་ཀྱི་རྣམ་པ་གསར་གཏོད་བྱས་ནས་སྤྱད་དེ་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་བདེ་བླག་ངང་ཡུལ་འདི་གར་མཁོ་སྤྲོད་ཐུབ་པའི་རྨང་གཞིའི་ཐོག་ལག་རྩལ་གསོ་སྦྱོང་དང་ལས་ཞུགས་བསྡུ་ལེན་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་རྣམས་གནད་ལ་སྨིན་པའི་སྒོ་ནས་ཞིང་འབྲོག་པའི་ཐོབ་སྣང་དང་སྐྱིད་སྣང་དུ་བསྒྱུར་ཡོད། གླིང་ཁུལ་བཙུགས་ཚུན། ལོ་ལྟར་ཡུལ་མི་4745སྒོ་འགྲམ་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།
2017ལོར་གླིང་ཁུལ་བསྐྲུན་ནས་སྤྱོད་འགོ་ཚུཊ་ཚུན། ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་38སྐྱེད་སྲིང་བྱས་ནས་ས་མཐོའི་ཞིང་ལས་ཀྱི་སྣ་ཁ་རྐྱང་པའི་སྲོལ་རྒྱུན་གྱི་བཀག་རྒྱ་ལས་སྒྲོལ་ཡོད།
2025ལོར། གླིང་ཁུལ་གྱིས་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་སྣེ་འདྲེན་ཁེ་ལས་དང་མཉམ་ལས་གཏིང་ཟབ་བྱས་ཏེ། རིག་ནུས་ཆུ་འདྲེན་དང་དྲོད་ཚད་ཚོད་འཛིན་མ་ལག་རིམ་སྤོར་བྱས་ནས་ལོར་ཤིང་འབྲས་དང་སྔོ་ཚལ་ཏུན་1000ཐོན་སྐྱེད་བྱེད་པའི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོས་སྐྱོད་བཞིན་ཡོད། ས་ཞིང་ནང་བཤུག་བཏང་བ་ལས་ཡུལ་མིའི་བོགས་དངུལ་གྱི་ཡོང་འབབ་བརྟན་པོ་བྱུང་ཞིང་། ལས་གནས་བརྟན་པོ་ཡོད་པས་ཡུལ་མི་ཚོའི་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་རྒྱུའི་འདུན་པ་མངོན་འགྱུར་བྱུང་བ་སོགས་གླིང་ཁུལ་གྱིས་ཉིན་རེར་ཆ་སྙོམས་ལས་ཞུགས་ལས་གནས་བཅུ་ཕྲག་ཁ་ཤས་མཁོ་འདོན་བྱས་པ་དང་། རིམ་རྩིས་བྱས་ན་ས་ཞིང་ནང་བཤུག་བཏང་བའི་གྲོན་དངུལ་སྒོར་ཁྲི་620ལྷག་ཙམ་སྤྲད་པ། ངལ་རྩོལ་གྱི་གླ་ཆ་སྒོར་ཁྲི་400སྤྲད་པ་བཅས་ལས་ཚན་རྩལ་ལ་བརྟེན་ནས་ཐོན་ལས་དར་རྒྱས་གཏོང་བ་དང་ཐོན་ལས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་གསལ་པོར་བཏོན་ཡོད། མལ་གྲོ་གུང་དཀར་རྫོང་དག་པ་གྲོང་ཚོའི་ཚོགས་ཆུང་དང་པོའི་གྲོང་མི་ཆུང་དགས་ང་ཚོའི་དག་པ་གྲོང་ཚོའི་ཚོགས་ཆུང་དང་པོ་དང་ཚོགས་ཆུང་གཉིས་པར་དེང་རབས་ཞིང་ལས་དཔེ་སྟོན་གླིང་བསྐྲུན་རྗེས་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ཚོགས་ཆུང་གཉིས་པོའི་གྲོང་མི་ཚང་མར་ལས་ཞུགས་ཀྱི་གོ་སྐབས་ཐོབ་སྟེ། ཟླ་རེར་གླ་ཆ་སྒོར་4200ཡས་མས་ཟིན་པ་དང་། ཉིན་ལྟར་ལས་ཀ་ཆུ་ཚོད་6བྱེད་པ། གཟའ་མཇུག་ཏུ་ད་དུང་ཉིན་ཕྱེད་ངལ་གསོ་བརྒྱབ་ནས་ཕྲུ་གུ་སྐྱེལ་བསུ་བྱེད་ཆོག་གི་ཡོད། དུས་ཚོད་ལྷག་མ་ཡོད་པས་ཁྱིམ་ལ་ལྟ་རྟོག་ཐུབ་པ་དང་། ཕྱིར་གླ་པ་རྒྱུག་པར་འགྲོ་མི་དགོས་པར་མ་ཟད། ཚོགས་ཆུང་གཉིས་ཀྱི་མི་རེས་མོས་ཀྱིས་ལས་ཀ་བྱེད་ཀྱི་ཡོད་པས་ཚང་མར་འགན་ལེན་ཐུབ་ཀྱི་ཡོད་ཅེས་བཤད།
ཐོན་ལས་དར་རྒྱས་བཏང་ནས་ཕྱུག་འགྱུར་གྱི་ལམ་བུ་བཏོད། འབྲུ་རིགས་བདེ་འཇགས་ལས་དམངས་འཚོའི་རྨང་གཞི་བརྟན་དུ་ཕྱིན། ས་མཐོའི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་རང་གྲོང་གིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ས་ཞིང་ལ་བརྟེན་ནས་འབྲུ་རིགས་གསོག་པ་དང་ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དེ་སྔའི་ཐར་ཐོར་གྱི་ཞིང་ཁ་དེ་དག་ཐོན་འབབ་ལེགས་པའི་ཡུག་འབྲེལ་གྱི་ཞིང་ས་གཤིན་པོར་གྱུར་ཡོད། སྟག་རྩེ་ཆུས་པད་ནག་གྲོང་ཚོའི་ལག་ལེན་ནི་འཐབ་ཇུས་དེ་འཆར་གཞི་ནས་དངོས་ཡོད་དུ་གྱུར་པ་དང་འདུན་པ་ནས་དམངས་འཚོར་ཕན་ཐོགས་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད། སྟག་རྩེ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་དོན་པ་བཀྲ་ཤིས་ཀྱིས་2025ལོར། སྟག་རྩེ་ཆུས་ཀྱིས་མུའུ་4700ཟིན་པའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། ཆུ་ཡུར་སྟོང་སྨི་23.461སྒྱུར་བཀོད་བྱས་པ། ཆུ་ཡུར་གྱི་མ་ལག་སྐྲུན་དངོས་879གསར་སྐྲུན་བྱས་པ་སོགས་ས་ཁོངས་ཀྱི་འབྲུ་རིགས་ཐོན་འཕར་དང་ཞིང་ལས་ཀྱི་ཕན་འབྲས་མཐོ་རུ་གཏོང་བའི་རྨང་གཞི་བརྟན་པོ་བཏིངས་བར་མ་ཟད། ཞིང་པའི་འབབ་འཕར་ལ་དེ་བས་འགན་ལེན་ཐུབ་ཡོད་ཅེས་བཤད།
གྲངས་གཞིའི་རྒྱབ་ཏུ་ཞིང་ནང་གི་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད། དགུན་དུས་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོར་སྐྱོད་སྐབས། ཞིང་ལས་ཀྱི་རྣམ་པ་གསར་རྐྱང་ཞིག་མིག་ལམ་དུ་འཆར་བ་སྟེ། དེ་སྔ་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བྱེད་ས་ཞིང་ཐར་ཐོར་དུ་གནས་པ་དེ་དག་ད་ཆ་ཡོངས་ཁྱབ་ཀྱི་ཞིང་ཆུ་འདྲེན་པའི་དྲ་བས་སྦྲེལ་ཡོད། གྲང་རླུང་ལྡང་ཡང་ཞིང་ཆུ་འདྲེན་པའི་གདོང་ལམ་ལས་སྔར་བཞིན་ཆུ་ཁུངས་གནད་ལ་འཁེལ་བའི་སྒོ་ནས་ས་ཞིང་ཡོངས་ལ་གཏོང་ཐུབ་ནས་ཞིང་ས་གཤིན་པོར་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད། པད་ནག་གྲོང་ཚོའི་གྲོང་མི་པ་སངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་མ་བསྐྲུན་གོང་། ང་ཚོའི་འདི་གར་དུས་ཐོག་ཏུ་ཆུ་གཏོང་ཐུབ་ཀྱི་མེད་ལ་ཆུ་ཡང་འཕྲོ་བརླག་མང་པོ་འགྲོ་ཡི་ཡོད། ད་ཆ་དུས་ཐོག་ཏུ་ཞིང་ནང་དུ་ཆུ་འདྲེན་ཐུབ་པར་མ་ཟད། ད་དུང་དེ་བས་གྲོན་ཆུང་ཐུབ་ནས་ང་ཚོར་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་བསྐྲུན་པ་དང་། ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ང་ཚོའི་གྲོང་ཚོས་ཁྱོན་མ་དངུལ་སྒོར་ཁྲི་1800ལྷག་ཙམ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་པས་ས་ཞིང་མུའུ་4000ལྷག་ཙམ་ལ་ཞིང་ཆུ་ནུས་ལྡན་དྲངས་པས་ཚང་མར་ཕན་པ་ཆེན་པོ་ཐོབ་ཡོད་ཅེས་བཤད།
གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན། རང་གྲོང་གིས་ཚན་རིག་དང་མཐུན་པའི་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ། སྲིད་འཛིན་གྲོང་ཚོ་205ཡི་འཆར་འགོད་བཟོ་འགོད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་33.1བཏང་ནས་ས་མཐོའི་རྣམ་པ་དང་དེང་རབས་ཀྱི་ཉམས་འགྱུར་ལྡན་པའི་མཛེས་མཐུན་གྲོང་ཚོ་108བསྐྲུན་པ་རེད། ད་ཆ་གྲོང་གསེབ་ཀྱི་གཞུང་ལམ་རིམ་སྤོར་བྱས་པ་དང་། 5Gདྲ་རྒྱ་དང་རང་འབབ་ཆུ་ཀ་ལ་གྲོང་ཚོ་དང་དུད་ཚང་དུ་མགྱོགས་མྱུར་ཁྱབ་གདལ་བཏང་བ། གྲོང་ཁྱེར་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བྱ་ཡུལ་་མཉམ་འགུལ་དྲ་རྒྱར་གྱུར་པ། སྐར་གསོག་ལམ་ལུགས་ཀྱི་བཅོས་སྐྱོང་བྱེད་སྟངས་རྒྱ་ཁྱབ་ངང་ཁྱབ་གདལ་བཏང་བ་བཅས་གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཆགས་ཡིད་འོང་གི་རྣམ་པ་ས་མཐོའི་ས་གཞི་ཆེ་མོར་རིམ་བཞིན་ཁྱབ་ཡོད། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐལ་དབང་རྣམ་རྒྱལ་གྱིས་ལོ་ལྔ་ཚན་བཅུ་བཞི་པའི་ཚུན་དུ། རང་གྲོང་གིས་ནུས་ཤུགས་ཡོད་རྒུས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་བཏང་སྟེ། འབྲུ་རིགས་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་36.17བསྐྲུན་པ་དང་། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་40ཡན་བརྟན་པོ་བྱུང་ཡོད། ནས་ཀྱི་སོན་བཟང་ཁྱབ་ཚད་བརྒྱ་ཆ་95ཟིན་པ་དང་། འབྲུ་རིགས་ཐོན་ཚད་ལོ་ལྔ་བསྟུད་མར་ཏུན་ཁྲི་15.5ཡན་རྒྱུན་འཁྱོངས་ཐུབ་པ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱེད་ཚད་བརྒྱ་ཆ་77.2བར་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད། རྗེས་མར་རང་གྲོང་གིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མུ་མཐུད་དེ་སྐུལ་འདེད་བཏང་ནས་ལོ་ལྔ་ཚན་བཅོ་ལྔ་པའི་རིང་། ལྷ་སའི་ཞིང་ལས་དང་གྲོང་གསེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད་ཅེས་བཤད།
ཚན་རྩལ་གྱི་ནུས་པ་འདོན་པ་དང་ཤིང་འབྲས་དང་སྔོ་ཚལ་གྱི་དྲི་ཞིམ་འཐུལ་བའི་དེང་རབས་ཞིང་ལས་གླིང་ནས་ཆུ་ཡུར་དྲ་བ་སྦྲེལ་མཐུད་དང་ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པའི་ཚད་གཞི་མཐོ་བའི་ཞིང་ཁའི་བར་དང་།དེ་ནས་འབྱུང་ཁམས་གནས་འཕྲོད་དང་བཅོས་སྐྱོང་ནུས་ལྡན་གྱི་མཛེས་མཐུན་གྲོང་གསེབ་བཅས་བར་ལྷ་སས་བརྗིད་ཆེའི་དར་རྒྱས་གཏོང་བའི་འཆར་གཞི་དེ་ཤེས་ཚོར་ཐུབ་པའི་ཞིབ་ཕྲའི་བདེ་སྐྱིད་ལྡན་པའི་ཡུལ་ལྗོངས་དངོས་རེ་རེར་སྒྱུར་བཞིན་ཡོད། རེ་བས་ཁེངས་པའི་གངས་ལྗོངས་ས་མཐོར་ཐོན་ལས་རིམ་སྤོར་གྱི་གསོན་ཤུགས་དང་། ཁྱིམ་གཞིས་འཛུགས་སྐྲུན་གྱི་ཡིད་དབང་འཕྲོག་ཤུགས།དམངས་ཀྱི་འཛུམ་མདངས་བཅས་ལས་ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་པ། ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་ཀྱི་དུས་རབས་གསར་པའི་ལྷ་སའི་ལེའུ་མཉམ་དུ་བརྩམས་ཡོད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社