分享按钮

ཞི་ཅིན་ཕིང་གིས་ཨིར་ལན་གྱི་སྲིད་བློན་མ་ཏིང་དང་མཇལ་འཛོམས་གནང་བ།

(པར་ངོས་དང་པོར་མཐུད)ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་གཏུགས་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་སྒུལ་ཤུགས་སྣོན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གོ་དང་ཨིར་ལན་ཕྱོགས་གཉིས་པོས་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་མཛའ་གྲོགས་ཀྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་འབྲེལ་གཏུགས་དང་བསམ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱེད་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། འདི་ལོ་ནི་ཀྲུང་གོའི་ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཚུགས་ལོ་ཡིན་པ་དང་འབྱུང་འགྱུར་ལོ་ལྔའི་རིང་ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། སྨན་རྫས་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པ། ཕྱོགས་གཉིས་པོའི་མ་འཇོག་ལ་སྐུལ་འདེད་གཏོང་བ། ལེགས་ཆ་གསབ་རེས་དང་། གོ་སྐབས་མཉམ་སྤྱོད། ཐུན་མོང་འཕེལ་རྒྱས་བཅས་ཡོང་བ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། ཡུལ་སྐོར་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་དང་ཨིར་ལན་གྱི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ཟང་ཟིང་ཆེ་བ་དང་ཕྱོགས་རྐྱང་པའི་བཙན་དབང་བྱ་སྤྱོད་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་རྡེག་ཚབས་ཆེན་བཟོས་ཡོད། རྒྱལ་ཁབ་ཁག་ཚང་མས་རྒྱལ་ཁབ་གཞན་དག་གི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱེད་པ་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུས་ནས་རྒྱལ་ཁབ་ཆེན་པོས་དེ་བས་སྣེ་ཁྲིད་བྱེད་དགོས། ཀྲུང་གོ་དང་ཨིར་ལན་གཉིས་ཀས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དར་སྤེལ་བཏང་སྟེ་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་ཕུགས་ལ་དམིགས་ནས་རོགས་ཟླའི་འབྲེལ་བའི་ངེས་གནས་དང་། དོན་དངོས་དང་མཐུན་པའི་སྒོ་ནས་ཕྱོགས་འགལ་ལ་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱེད་པ། མཉམ་ལས་གཉིས་ཕན་མཐའ་འཁྱོངས་བཅས་བྱེད་དགོས། ཨིར་ལན་གྱིས་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།

མ་ཏིང་གིས་ཨིར་ལན་དང་ཀྲུང་གོའི་དབར་མཛའ་གྲོགས་ཟབ་མོ་ལྡན་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། 2012ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་ནས་ཉེ་བའི་ལོ་ཤས་རིང་ཨིར་ཀྲུང་གཉིས་ཕན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་གོས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཕུགས་ཡུན་གྱི་འཕེལ་རྒྱས་འཐབ་ཇུས་གཏན་འབེབས་དང་ལག་བསྟར་བྱས་ནས་གྲུབ་འབྲས་གལ་ཆེན་ཐོབ་པ་རེད། ཨིར་ལན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ་རྒྱལ་ཁབ་གཉིས་པོའི་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་དང་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཚོང་དོན་དང་། མ་འཇོག ཚན་རྩལ། སྐྱེ་དངོས་གསོ་རིག བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ། མི་ཐབས་རིག་ནུས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་མེད་དུ་མི་རུང་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་དང་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། རྒྱལ་སྤྱིའི་རྩོད་གཞི་གང་ཞིག་ཐག་གཅོད་བྱེད་པར་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས། ཨིར་ལན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུགས་མཐུན་སྦྱོར་དམ་ཟབ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་སྲུང་སྐྱོང་། རང་མོས་སྒོ་དབྱེའི་ཚོང་དོན་མཐའ་འཁྱོངས་བཅས་བྱས་ཏེ་འཛམ་གླིང་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་མཇལ་འཛོམས་ལ་ཞུགས་ཡོད། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 6 6 拉萨日报藏文 c214913.html 1 ཞི་ཅིན་ཕིང་གིས་ཨིར་ལན་གྱི་སྲིད་བློན་མ་ཏིང་དང་མཇལ་འཛོམས་གནང་བ། /enpproperty-->