分享按钮

རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་རང་སྐྱོང་ལྗོངས་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་ཀྱིས་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་དཔེ་བཟང་བ་བློ་བཟང་རྒྱ་མཚོའི་ནང་མིར་འཚམས་འདྲི་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་མངགས་བཅོལ་གནང་བ་ལྟར་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་གཞུང་ལས་ཁང་གི་འགན་འཁུར་བ་དང་ལྷ་ས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་ནས་བཅིངས་འགྲོལ་ནུབ་ལམ་ཉི་འོད་ཁྱིམ་གཞིས་ཁུལ་ཆུང་དུ་ཕེབས་ནས་རྒྱལ་ཡོངས་མི་དམངས་མང་ཚོགས་ཀྱི་བདེན་པའི་རྒྱབ་ལངས་དང་ཉེས་གསོག་པར་འཐབ་རྩོད་བྱེད་མཁན་གྱི་སྔོན་ཐོན་པ་དང་།བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་སྔོན་ཐོན་པ་བློ་བཟང་རྒྱ་མཚོའི་ནང་མིར་ཆེད་མངགས་འཚམས་འདྲི་གནང་བ་རེད།

འཚམས་འདྲི་ཚོགས་ཆུང་དང་བཅས་པས་བློ་བཟང་རྒྱ་མཚོའི་བཟའ་ཟླ་དང་བུ་བཅས་དང་མཉམ་དུ་ད་ཆ་ནང་ལ་མི་ག་ཚོད་ཡོད། བུ་ཕྲུག་ཚོ་གང་དུ་སློབ་གྲྭར་འགྲོ་ཡི་ཡོད། འཚོ་བའི་ཐད་དཀའ་ངལ་ཅི་ཞིག་ཡོད་པ་སོགས་ཀྱི་ཐད་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་འཚོ་བ་དང་། གཟུགས་པོའི་གནས་ཚུལ། བུ་ཕྲུག་སློབ་ཞུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། བུ་ལྷག་པ་དོན་གྲུབ་ཞིབ་འཇུག་སློབ་མར་སློབ་སྦྱོང་བྱེད་བཞིན་ཡོད་པ་ཤེས་སྐབས་འཚམས་འདྲི་ཚོགས་ཆུང་གིས་ཁོང་གི་འཇོན་ཐང་ལ་བསྔགས་བརྗོད་བྱས་པ་དང་འབྲེལ་ཁོང་ཚོར་སྤྲོ་སྣང་ཆེན་པོས་འཚོ་བར་ཁ་གཏད་གཅོག་པ་དང་། སློབ་སྦྱོང་ཡག་པོ་བྱས་ནས་འཚར་ལོངས་ཡག་པོ་ཡོང་བར་བྱེད་པ། མིག་དཔེའི་ནུས་པ་མུ་མཐུད་ནས་འདོན་སྤེལ་བྱེད་པ། མི་དེ་བས་མང་བ་བདེན་པའི་རྒྱབ་ལངས་ཀྱི་བྱ་གཞག་ནང་ཞུགས་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ།བདེན་པའི་རྒྱབ་ལངས་ཀྱི་སྤྱི་ཚོགས་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

འཚམས་འདྲི་ཚོགས་ཆུང་གིས་བློ་མཐུན་བློ་བཟང་རྒྱ་མཚོས་ཉེན་ཁའི་མདུན་དུ་དཔའ་ངར་ཆེར་སྐྱེད་ཀྱིས་ཁྲིམས་འགལ་བར་འཐབ་རྩོད་མཐའ་གཅིག་ཏུ་བྱས་པའི་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་དང་། ཞུམ་པ་མེད་པའི་དཔའ་ངར། དྲང་བདེན་ལ་རོགས་སྐྱོར། རང་ལས་གཞན་གཅེས་པ་བཅས་ཀྱི་བླ་ན་མེད་པའི་གཤིས་རྒྱུད་ལ་ཚད་མཐོའི་བསྔགས་བརྗོད་གནང་བ་དང་འབྲེལ་ཏང་དང་སྲིད་གཞུང་གིས་བོད་མི་དམངས་ལ་ལེགས་སྐྱེས་གལ་ཆེན་འབུལ་མཁན་ནམ་ཡང་བརྗེད་མི་སྲིད་པའི་ནན་གཤད་བྱས་ཡོད། མིག་སྔར་ཁོང་ཚོའི་ཁྱིམ་ཚང་གི་དཀའ་ངལ་དངོས་ལ་གཞིགས་ནས་འཚམས་འདྲི་ཚོགས་ཆུང་གིས་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

བློ་བཟང་རྒྱ་མཚོའི་ནང་མིས་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ལྷག་པ་དོན་གྲུབ་ཀྱིས་ལྷག་པར་དུ་ལྗོངས་དང་གྲོང་ཁྱེར་སྲིད་ཁྲིམས་ཨུ་ལྷན་གྱི་བློ་མཐུན་ང་ཚོའི་ཁྱིམ་དུ་འཚམས་འདྲིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ང་དང་ནང་མི་ཚང་མར་དྲོ་སྐྱིད་ཚོར་བྱུང་།ངས་ཨ་ཕའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཏང་དང་སྲིད་གཞུང་ལ་ཕན་ཐོགས་པ་དང་། བོད་ལྗོངས་གསར་པ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བཅས་ཀྱི་ཆེད་དུ་ཕན་ཐོགས་པའི་མི་ཞིག་བྱ་རྒྱུ་ཡིན་ཞེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2026-01-07 6 6 拉萨日报藏文 c214912.html 1 རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་རང་སྐྱོང་ལྗོངས་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་ཀྱིས་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་དཔེ་བཟང་བ་བློ་བཟང་རྒྱ་མཚོའི་ནང་མིར་འཚམས་འདྲི་གནང་བ། /enpproperty-->