分享按钮

(པར་ངོས་དང་པོར་མཐུད)ཁུལ་ཁོངས་ཡོངས་ཀྱིས་མཐུན་སྦྱོར་བྱས་ཏེ།མི་གསོ་སྐྱོང་བྱེད་པའི་ཁོར་ཡུག་ཡག་པོ་བསྐྲུན་ནས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་བྱ་རྒྱུ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཧྲའན་ཤིས་ཡན་ཨན་ལུའུ་སྒྱུ་རྩལ་རིག་གནས་ལྟེ་གནས་སུ། ལོ་ཆུང་གདོང་ལེན་པའི་འགྲེལ་བཤད་པ་ཚོས་གསར་བརྗེའི་ལོ་རྒྱུས་རྒྱས་བཤད་བྱེད་པ་དེ་ཡན་ཨན་གྱི་སྙིང་སྟོབས་ཁྱབ་སྤེལ་བྱེད་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།

ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་གཞོན་ནུ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧོའུ་གོ་ཚའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་རྩ་བ་གསོ་ཞིང་བློ་སྦྱོང་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གསུངས་གནང་བ་དེས་ང་ཚོར་ལས་ཀའི་གཙོ་གནད་དང་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། གསར་བརྗེའི་གནས་ཡུལ་རྙིང་པའི་རུ་ཁག་གི་སློབ་ཚན་སོགས་སྤུས་རྟགས་བྱེད་སྒོ་མུ་མཐུད་དེ་སྤེལ་ནས་ནར་མ་སོན་པའི་མིས་ཡན་ཨན་གྱི་སྙིང་སྟོབས་རང་རྟོགས་ངང་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། ཕུགས་བསམ་ལྡན་པ་དང་། འགན་འཁུར་ཕོད་པ། དཀའ་སྡུག་བཟོད་ཐུབ་པ། འབད་བརྩོན་བྱེད་འདོད་ཡོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འཚར་ལོངས་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་བཤད་པ་རེད།

ནར་མ་སོན་པའི་མི་ནི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་འབྱུང་འགྱུར་གྱི་སྟོབས་གསར་དམག་དཔུང་ཡིན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་ལག་ལེན་གྱི་སློབ་གསོའི་རྟེན་གཞི་1200ལྷག་ཙམ་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་སློབ་ཁྲིད་དང་སློབ་གྲྭའི་རིག་གནས་ནང་དམ་པོར་འདྲེས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་ཐད་རེ་བ་དང་བླང་བྱ་གསར་པ་བཏོན་ཞིང་། སློབ་གྲྭ་དང་། ཁྱིམ་ཚང། སྤྱི་ཚོགས་བཅས་ཀྱིས་མཐུན་སྦྱོར་ལྡན་པའི་སྒོ་ནས་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ནན་བཤད་བྱས་པར་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་གཞོན་པ་ཡིའུ་སེན་གྱི་སེམས་ནང་ཁ་ཕྱོགས་དེ་བས་གསལ་པོ་བྱུང་སྟེ། ཁོང་གིས་སླད་ཕྱིན་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་དེབ་ནང་འགོད་པ་དང་། སློབ་ཁྲིད་བྱེད་པ། མི་སེམས་ལ་འཇགས་པ་བཅས་ཀྱི་ཐད་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་མཐུན་སྦྱོར་ལྡན་པའི་སྒོ་ནས་མི་གསོ་སྐྱོང་བྱེད་པའི་སློབ་གསོའི་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་ནས་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག་བཅས་ཀྱི་སློབ་གསོ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་བྱེད་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད།

ཧུའུ་ནན་ཞིང་ཆེན་ཁྱིམ་ཚང་སློབ་གསོ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཝང་ཅན་ཕིང་གིས་ཁྱིམ་སྲོལ་བཟང་པོས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ནར་མ་སོན་པའི་མིར་ཀུན་སྤྱོད་ཡག་པོ་དང་བྱེད་སྤྱོད་ལེགས་པའི་གོམས་གཤིས་བཟང་པོ་འཇགས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་པ་དེས་ངས་ཁྱིམ་ཚང་སློབ་གསོ་འཛུགས་སྐྱོང་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་རྒྱུར་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད། གཞི་རིམ་སློབ་གསོའི་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ཕ་མའི་སློབ་ཚན་ཐུང་ཐུང་དང་ཁྱིམ་སྲོལ་གྱི་སློབ་ཚན་ཐུང་ངུ་ཞེས་པ་སོགས་གཞི་རྟེན་སྔར་བས་བེད་སྤྱོད་ཡག་པོ་བྱས་ཏེ་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་དར་སྤེལ་གཏོང་བའི་ལག་ལེན་གྱི་གཙོ་དོན་བྱེད་སྒོ་མུ་མཐུད་དེ་སྤེལ་ནས་ཁྱིམ་ཚང་ནི་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་སའི་ས་རྒྱུ་དང་པོར་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

རྒྱ་ཆེའི་ནར་མ་སོན་པའི་མིའི་ཕུགས་རྒྱང་རིང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུར་སློབ་གསོས་ཁྲིད་སྟོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་མཚོ་ལས་ཟབ་པས་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་ཨུད་དྲིལ་བསྒྲགས་པུའུ་ཡི་ཤེས་དཔལ་ལག་ལེན(ཤེས་དཔལ་གསོ་སྐྱོང)ཁོའོ་ཡི་ཁོའོ་ཀྲང་གཞོན་པ་པའེ་དབྱི་ལིན་གྱིས་འགན་འཁྲི་ལྗིད་པོ་ཕྲག་ཏུ་བབས་པའི་ཚོར་སྣང་བྱུང་། ལོ་འགའི་རིང་། ང་ཚོས་སྦྱར་སྡོང་དྲིལ་བསྒྲགས་ཚོགས་པའི་དཔེ་སྟོན་སྣེ་ཁྲིད་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྣམས་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་མོའི་ལག་ལེན་ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་ཡོད། འབྱུང་འགྱུར་སྤུས་རྟགས་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ནར་མ་སོན་པའི་མི་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཨུད་དང་སྲིད་གཞུང་རིམ་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་དང་མང་ཚོགས་རྩ་འཛུགས་ཀྱིས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ནས་ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།

དུས་ཡུན་ངེས་ཅན་ཞིག་གི་རིང་། དྲ་རྒྱའི་ཟང་ཟིང་ལ་རྡུང་རྡེག་ནན་པོ་བཏང་སྟེ་ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་ཏན་ཏིག་ཐོབ་པར་བྱས་ཡོད།

ཀྲུང་དབྱང་དྲ་འཕྲིན་ཆ་འཕྲིན་གཞུང་དོན་ཁང་དྲ་རྒྱ་ཕྱོགས་བསྡུས་བཅོས་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲེན་ཁྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལམ་ལུགས་ཀྱི་ཚད་གཞི་སྔར་བས་འཐུས་ཚང་དུ་གཏོང་བ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། ཁ་གསལ་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ། དྲ་ཚིགས་ལས་སྟེགས་ཀྱི་བྱེད་པོ་གཙོ་བོའི་འགན་འཁྲི་དམ་འཛིན་དང་སྲ་བརྟན་དུ་གཏོང་བ། ལས་སྟེགས་ཀྱིས་ཐོན་རྫས་དང་ཞབས་ཞུ་མུ་མཐུད་དེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ནར་མ་སོན་པའི་མིའི་དྲ་བའི་བར་སྟོང་ཏན་ཏིག་གཏོད་རྒྱུ་བཅས་རེད།

ནར་མ་སོན་པའི་མིའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་སྤྱི་ཚོགས་ལས་རིགས་ཁག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་དགོས།

དགེ་རྒན་ཐའོ་ལགས་ཀྱི་ལས་དོན་ས་ཚིགས་ཀྱི་འགན་འཁུར་བ་ཞུས་ཧུང་མེན་གྱིས་ནར་མ་སོན་པའི་མི་དང་དེ་བཞིན་ཁྱིམ་ཚང་ཁྲི་སྟོང་མང་པོ་ཞིག་ལ་ཟུར་ཁྲིད་གཏིང་ཟབ་བྱེད་ཀྱི་ཡོད། ཅང་སུའུ་ནན་ཅིང་ཞའོ་ཀྲོང་སློབ་གླིང་གི་དགེ་རྒན་ཐའོ་ལགས་ཀྱི་ལས་དོན་ས་ཚིགས་ནི་ནར་མ་སོན་པའི་མིའི་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་དྲོ་སྐྱིད་ལྡན་པའི་ལས་དོན་ཁང་ཞིག་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ནུས་ཤུགས་གཅིག་སྒྲིལ་གྱིས་ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་པའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་ལས་དོན་ས་ཚིགས་ཀྱི་གཞི་རིམ་ཞབས་ཞུའི་ནུས་པ་མུ་མཐུད་དེ་ཆེ་རུ་གཏོང་བ་དང་། སྡེ་ཚན་ཁག་གི་སྟོབས་ཤུགས་ཁུལ་ཡོངས་སུ་མཉམ་འགུལ་བྱས་ཏེ་སེམས་ཁམས་ཞབས་ཞུ་དང་། གཞི་རིམ་བཅོས་སྐྱོང་། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཕྲུ་གུ་རེ་རེ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རོགས་རམ་བྱེད་དགོས་ཞེས་བཤད་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་འབྱོར་བའི་གློག་འཕྲིན)

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-18 6 6 拉萨日报藏文 c213921.html 1 /enpproperty-->