ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡིང་ཐའེ་རུ་པེ་ཅིང་དུ་ལས་སྒྲུབ་སྙན་ཞུ་གནང་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་མཇལ་འཕྲད་གནང་ནས་ཁོང་གིས་ཨའོ་མོན་གྱི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་སྒྲུབ་སྙན་སེང་ཞུས་པར་གསན་གནང་ཡོད།
ཞི་ཅིན་ཕིང་གིས་ལོ་གཅིག་གི་རིང་། སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ཡིས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དམ་པ་དོན་གཉེར་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇཊ། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཨའོ་མོན་གྱི་སྐབས་བརྒྱད་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོ་ལེགས་འགྲུབ་ལྡན་པའི་ངང་གཉེར་བ།སྤྱི་པའི་སྲིད་འཛིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་ཁུག་ཆེན་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་པས་བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་བྱུང་ཡོད། ཀྲུང་དབྱང་གིས་ཚེན་ཧའོ་ཧུའེ་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཐབ་ཇུས་བཀོད་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཨའོ་མོན་བས་ཨའོ་མོན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། སྲིད་འཛིན་གྱི་གཙོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་བྱས་ནས་ཞབས་འདེགས་ཞུ་དགོས་པ་བསྟན་ཡོད།
ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཀན་ཅེ། ཁྲེན་ཝུན་ཆིང་། ཞ་པའོ་ལུང་སོགས་མཇལ་འཕྲད་ནང་ཞུགས་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社