分享按钮

སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་འགན་འཁྲི་ཤུགས་ཆེར་ཁུར། རིགས་པའི་གཞུང་ལུགས་ཀྱི་དཔྱིད་ཀྱི་རླུང་བུ་གཞི་རིམ་གྱི་ཕྱོགས་སུ་ལྡང།

རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་སྙེ་མོ་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་སྙེ་མོ་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ཆེད་དོན་སྒྲོག་འགྲེལ་བྱེད་པར་བསྐྱོད་ཅིང་། སྙེ་མོ་རྫོང་གི་ལས་གནས་ཐོག་ཡོད་པའི་རྫོང་རིམ་པའི་འགོ་ཁྲིད་ཡོངས་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ཞུགས་པ་དང་། ཤང་དང་གྲོང་རྡལ། རྫོང(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་གི་འགན་འཁུར་བ་གཙོ་བོ་དང་གཞི་རིམ་སྒྲོག་འགྲེལ་པའི་འཐུས་མི་སོགས་ཁྱོན་མི་གྲངས་80ལྷག་ཙམ་ཚོགས་འདུར་ཞུགས་ཡོད།

ཝང་ཅིང་ཚའེ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་ནས་འབྱུང་འགྱུར་ལོ་ལྔའི་རིང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ཁ་གསལ་བཟོ་བ་དང་། བོད་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དུས་བབ་གསར་པ་དང་ལས་འགན་གསར་པར་ཚན་རིག་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱས་ཏེ། ཀྲུང་གོའི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། མཐུན་སྒྲིལ་བྱས་ནས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པ་བཅས་ཕྱོགས་གསུམ་ཐད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལ་གོ་སླ་བའི་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད། སྙན་སྒྲོན་གྱི་གཙོ་དོན་ཁ་གསལ་བ་དང་། གཙོ་གནད་མངོན་གསལ་དོད་པ། ནང་དོན་ཞིབ་ཚགས་པ། གྱོད་དཔེ་གསོན་ཉམས་དོད་པ་བཅས་ཡོད་པས། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་རྒྱུར་ཟུར་ཁྲིད་དང་སྐུལ་སློང་གལ་ཆེན་ཞིག་བྱས་ཡོད།

སྙེ་མོ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ཅུས་ཀྲང་ཆིའུ་ཐའོ་ཡིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པར་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ།འགན་འཁྲི་ལྕི་པོ་ཡོད་པའི་ཚོར་སྣང་ཡང་བྱུང་། དམངས་སྲིད་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ངས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་སྤྱི་ཚོགས་རོགས་སྐྱོབ་དང་། རྒན་གསོའི་ཞབས་ཞུ། བྱིས་པའི་ཕན་བདེ་སོགས་ལེགས་སུ་གཏོང་བའི་ལས་དོན་གྱི་ཞིབ་ཕྲའི་བྱ་སྤྱོད་ལ་བསྒྱུར་བ་དང་། དྲོ་སྐྱིད་ལྡན་པའི་ཞབས་ཞུར་བརྟེན་ནས་དམངས་འཚོའི་མཐའ་ཚད་བརྟན་དུ་བཏང་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།

འབྱུང་འགྱུར།སྙེ་མོ་རྫོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས། ཐོན་ལས་རིམ་སྤོར་དང་གྲོང་གསེབ་དར་རྒྱས་སོགས་གཙོ་གནད་ལས་དོན་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་། དམངས་འཚོ་ལེགས་གཏོང་། བདེ་འཇཊ་སྲུང་ཡོལ་བརྟན་གཏོང་བཅས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་བསྒྱུར་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-12-09 རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་སྙེ་མོ་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ། 6 6 拉萨日报藏文 c213350.html 1 སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་འགན་འཁྲི་ཤུགས་ཆེར་ཁུར། རིགས་པའི་གཞུང་ལུགས་ཀྱི་དཔྱིད་ཀྱི་རླུང་བུ་གཞི་རིམ་གྱི་ཕྱོགས་སུ་ལྡང། /enpproperty-->