ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གྱི་སྔ་དྲོ། ལོ་སིས་རྒྱལ་ས་ཝན་ཐེན་ཐ་དབྱི་ཐང་ཆེན་དུ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་སྤེལ་ཞིང་། རྟེན་འབྲེལ་བྱེད་སྒོའི་ནང་། རིག་རྩལ་འཁྲབ་སྟོན་དང་། དམག་གཟིགས་མཛད་སྒོ། མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཚུད་ཡོད་ཅིང་། དེའི་དམིགས་ཡུལ་ནི་ལོ་སིའི་ལོ་ངོ་50རིང་གི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་ནས། མི་རིགས་ཁག་གི་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་དེ་རེད། ལོ་སིའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། གསར་བརྗེའི་རྒན་རབས་པ། སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས། ལོ་སིར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ། དེ་བཞིན་མཛའ་གྲོགས་རྒྱལ་ཁབ་ཀྱི་འཐུས་མི་ཚོགས་པ་སོགས་ཕེབས་ཡོད།
ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གྱིས་ཤིས་ཚིག་གསུངས་སྐབས། ལོ་ངོ་50ཡི་གོང་ལོ་སིའི་གསར་བརྗེ་བ་དང་རྒྱལ་གཅེས་མང་ཚོགས་ཀྱིས་ཝན་ཐེན་གྲོང་ཁྱེར་གྱི་སྲིད་དབང་འཕྲོག་པ་དང་འབྲེལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་ནས། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་རྩ་བ་ནས་མེད་པར་བཟོས་པ་ཁྱབ་བསྒྲགས་བྱས་ཤིང་། ལོ་སི་མི་དམངས་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་དུས་རབས་གསར་པ་བཏོད་ནས། རྒྱལ་ཁབ་འདི་ཉིད་རང་བཙན་དང་། རང་བདག མཐུན་སྒྲིལ། དར་རྒྱས་བཅས་ཀྱི་བགྲོད་ལམ་བརྒྱུད་དེ་མགྱོགས་མྱུར་དང་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཐུབ་པར་བྱས་ནས། ལོ་སིའི་མི་རིགས་ཁག་གི་མི་དམངས་རྣམས་འབྱོར་ཕྱུག་དང་། རང་དབང་། བདེ་སྐྱིད་བཅས་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་བཤད།
ཐུང་ལུན་གྱིས། མིག་སྔའི་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་འགྲན་སློང་གིས་ཁེངས་པའི་ས་ཁུལ་དང་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ལོ་སིས་ཞི་བདེ་དང་། རང་བཙན། མཛའ་གྲོགས། མཉམ་ལས་བཅས་ཀྱི་ཕྱི་འབྲེལ་ལམ་ཕྱོགས་མུ་མཐུད་དེ་མཐའ་འཁྱོངས་བྱས་ནས། མཛའ་གྲོགས་རྒྱལ་ཁབ་ཁག་དང་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་གསུངས་པ་རེད།
1975ལོའི་ཟླ་12ཚེས་2ཉིན། ལོ་སིས་རྒྱལ་པོའི་ལམ་ལུགས་མེད་པར་བཟོས་ནས་ལོ་སིའི་མི་དམངས་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社